ས་དེའི་དུས་ཚོད་ཟླ4པའི་ཚེས21ཉིན། ཁམ་ཕུ་ཁྲེ་ཡི་རྒྱལ་པོ་ཞི་ཧ་མོ་ཉི་ཡིས་ཁམ་ཕུ་ཁྲེ་ཡི་གྲོང་ཁྱེར་ཅིན་པེན་དུ། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་ཨུ་ཡོན། ཕྱི་འབྲེལ་པུའུ་ཡི་པུའུ་ཀྲང་ཝང་དབྱི་ལ་ཐུག་འཕྲད་བྱས།
ཞི་ཧ་མོ་ཉི་ཡིས་ཝང་དབྱི་བརྒྱུད་དེ་ཁོ་བཟའ་ཟླ་གཉིས་ཀྱིས་ཀྲུའུ་ཞི་ཞི་ཅིན་ཕིང་བཟའ་ཟླ་གཉིས་ལ་ལྷག་བསམ་ཟོལ་མེད་ཀྱི་སྒོ་ནས་འཚམས་འདྲི་བྱས་ཏེ། ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་དབུ་བརྙེས་ནས་ལོ75འཁོར་བར་སྙིང་ཐག་པ་ནས་རྟེན་འབྲེལ་ཞུས་པ་དང་། ཀྲུང་གོར་འཛམ་གླིང་ཡོངས་ཀྱིས་དོ་སྣང་བྱེད་ཀྱིན་པའི་འཕེལ་རྒྱས་ཀྱི་གྲུབ་འབྲས་ཆེན་པོ་ཐོབ་པར་རྟེན་འབྲེལ་ཞུས། ཞི་ཧ་མོ་ཉི་ཡིས་ཀྲུང་གོ་ཕྱོགས་ཀྱིས་ཁམ་ཕུ་ཁྲེ་ཡི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ལ་སྒེར་སེམས་ཅི་ཡང་མེད་པའི་སྒོ་ནས་རྒྱབ་སྐྱོར་དང་རོགས་རམ་བྱས་པར་སྙིང་ཐག་པ་ནས་ཐུགས་རྗེ་ཆེ་ཞུས་པ་དང་། ཁམ་ཕུ་ཁྲེ་ཡི་ལས་སྐལ་གཅིག་མཐུན་ཚོགས་པ་འཛུགས་སྐྲུན་ལ་སྒུལ་ཤུགས་ཆེན་པོ་མཁོ་འདོན་བྱས་པར་ཐུགས་རྗེ་ཆེ་ཞུས། “བཟོ་ལས་འཕེལ་རྒྱས་བར་ཁྱམས”དང“ཉ་འབྲས་བར་ཁྱམས”འཛུགས་སྐྲུན་བྱས་ཏེ། ཁམ་ཕུ་ཁྲེ་ཡི་དཔལ་འབྱོར་འཕེལ་རྒྱས་སྔར་ལས་ཆེན་པོ་ཡོང་བར་སྐུལ་འདེད་གཏོང་ཐུབ་པར་ཡིད་ཆེས་ཡོད། ཁམ་ཕུ་ཁྲེ་ཕྱོགས་ཀྱིས་ཀྲུང་གོ་གཅིག་གི་སྲིད་ཇུས་བློ་བརྟན་འགྱུར་མེད་ངང་ལག་བསྟར་བྱས་ནས། ཀྲུའུ་ཞི་ཞི་ཅིན་ཕིང་གིས་བཏོན་པའི་མིའི་རིགས་ཀྱི་ལས་སྐལ་གཅིག་མཐུན་ཚོགས་པ་འཛུགས་པའི་འདུ་ཤེས་དང་། འཛམ་གླིང་ཧྲིལ་པོའི་གྲོས་འགོ་ཆེན་པོ་གསུམ་ལ་རྒྱབ་སྐྱོར་གང་ལེགས་བྱ་རྒྱུ་ཡིན། རྒྱལ་ཁབ་གཉིས་བར་གྱི་མཛའ་མཐུན་འབྲེལ་བ་མི་རབས་ནས་མི་རབས་བར་རྒྱུན་འཛིན་དང་ཡུན་རིང་འཕེལ་རྒྱས་བརྟན་པོ་ཡོང་བར་འབད་རྒྱུ་ཡིན་ཞེས་བསྟན།
ཝང་དབྱི་ཡིས་ཀྲུང་གོ་དང་ཁམ་ཕུ་ཁྲེ་བར་གྱི་མཛའ་བརྩེ་ནི་རྒྱལ་ཁབ་གཉིས་ཀྱི་འགོ་ཁྲིད་རྒན་རབས་པ་ཚོས་དངོས་སུ་བཙུགས་པ་ཞིག་ཡིན་པ་དང་། རྒྱལ་སྤྱིའི་འགྱུར་ལྡོག་ཆེ་བའི་ཚོད་བགམ་སྣ་མང་བརྒྱུད་དེ། ཐོག་མཐའ་བར་གསུམ་དུ་སྲ་ཞིང་བརྟན་པར་གྱུར་ཡོད། རྒྱལ་པོ་ཞི་ཧ་མོ་ཉི་དང་ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཕན་ཚུན་བར་ཡིད་ཆེས་བརྟན་པོ་བཅངས་ནས། ཀྲུང་གོ་དང་ཁམ་ཕུ་ཁྲེ་ཡི་མཛའ་མཐུན་འབྲེལ་བ་དར་སྤེལ་བྱེད་རྒྱུར་ནུས་པ་གལ་ཆེན་བཏོན་ཡོད། རྒྱལ་ཁབ་གཉིས་ཀའི་གཙོ་འཛིན་གྱི་ཐུན་མོང་སྣེ་ཁྲིད་འོག་ཏུ། ཀྲུང་གོ་དང་ཁམ་ཕུ་ཁྲེ་ཡི་ལས་སྐལ་གཅིག་མཐུན་ཚོགས་པ་འཛུགས་རྒྱུ་དེ་སྤུས་ཚད་མཐོ་ལ་ཆུ་ཚད་མཐོ་ཞིང་ཚད་གཞི་མཐོ་བ་བཅས་ཀྱི་དུས་མཚམས་གསར་པར་སླེབས་ཡོད། ཀྲུང་གོ་ཕྱོགས་ཀྱིས་ཁམ་ཕུ་ཁྲེ་ཕྱོགས་དང་མཉམ་དུ། རྒྱལ་ཁབ་གཉིས་ཀའི་འགོ་ཁྲིད་པའི་བར་བྱུང་བའི་ངོས་འཛིན་གཅིག་མཐུན་དོན་འཁྱོལ་ཡག་པོ་བྱེད་འདོད་ཡོད། ཀྲུང་གོ་ནི་དུས་ནམ་ཡང་ཁམ་ཕུ་ཁྲེ་ཡི་བློ་གཏད་ཆོག་པའི་ཟླ་གྲོགས་དང་རྒྱབ་རྟེན་བརྟན་པོ་བྱ་རྒྱུ་ཡིན་ཞེས་བསྟན།
བན་དེ་སྐྱབས་ཀྱིས་བསྒྱུར།