མཛེས་པའི་མཚོ་སྔོན། མཐོ་སྒང་རྐང་གྲུག་ཅེས་པའི་རིམ་འདས་མཉམ་འབྲེལ་འགྲན་སྡུར་སྐུལ་སློང་བཀོད་སྒྲིག་བྱ་བའི་བརྙན་འཕྲིན་ཁ་པར་གྲོས་ཚོགས་བསྡུས།
2024.04.23 ཁུངས། མཚོ་སྔོན་ཉིན་རེའི་ཚགས་པར། ཀློག་གྲངས། 0

ཟླ4པའི་ཚེས22ཉིན། མཛེས་པའི་མཚོ་སྔོན། མཐོ་སྒང་རྐང་གྲུག་ཅེས་པའི་རིམ་འདས་མཉམ་འབྲེལ་འགྲན་སྡུར་སྐུལ་སློང་བཀོད་སྒྲིག་བྱ་བའི་བརྙན་འཕྲིན་ཁ་པར་གྲོས་ཚོགས་ཟི་ལིང་དུ་བསྡུས། རང་ཞིང་གིས་རྐང་གྲུག་འགྲན་སྡུར་འདེགས་གཞི་རུ་བྱས་ཏེ་ཞིང་ལས་དང་ལུས་རྩལ། རིག་གནས་ཡུལ་སྐོར། ཚོང་ལས་སོགས་ལས་རིགས་ལྔ་མཉམ་འདྲེས་གཏིང་ཟབ་ལ་སྐུལ་འདེད་གཏོང་བའི་བྱེད་ཐབས་འཚོལ་ཞིབ་བྱས་ནས། དག་གཙང་གི་མཚོ་སྔོན། མཐོ་སྒང་གི་གཅེས་ནོར་ཞེས་པའི་ཞིང་ཕྱུགས་ཐོན་རྫས་ཀྱི་ཚོང་རྟགས་ཀུན་ལ་གྲགས་པར་བྱེད་པ་དང་། ཡུལ་སྐོར་ཇེ་མང་དང་འཛད་སྤྱོད་ལ་སྐུལ་འདེད་གཏོང་རྒྱུ་མ་ཟད། ཞིང་ཕྱུགས་ལས་རིགས་ཀྱི་ཕན་ནུས་བསྐྱེད་པ་དང་རོང་འབྲོག་མང་ཚོགས་ཀྱི་ཡོང་འབབ་འཕར་བར་བྱས་ནས། རོང་འབྲོག་མང་ཚོགས་ཕྱོགས་ཡོངས་ནས་དར་སྤེལ་གཏོང་རྒྱུ་རེད།  ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི་གཞོན་པ་ལིའུ་ཆི་ཧྥན་གྲོས་ཚོགས་ལ་ཞུགས་ཏེ་གཏམ་བཤད། ཞིང་ཆེན་ཏང་ཨུའི་རྒྱུན་ལས་ཨུ་ཡོན། ཧྲིན་ཀྲང་གཞོན་པ་ཚེ་རིང་ཐར་གྱིས་མགོ་འཛིན་བྱས་པ་དང་། ཧྲིན་ཀྲང་གཞོན་པ་ཝང་ཧའེ་ཧུང་གྲོས་ཚོགས་ལ་ཞུགས།

ལིའུ་ཆི་ཧྥན་གྱིས་མཚོ་སྔོན་གྱི་རིམ་འདས་རྐང་གྲུག་འགྲན་སྡུར་འདི་སྤེལ་བ་ནི་ཐོན་ལས་མཉམ་བསྲེས་འཕེལ་རྒྱས་ཀྱི་གསར་གཏོད་འཚོལ་ཞིབ་ལ་སྐུལ་འདེད་བཏང་བ་ཡིན་ལ། ཞིང་ཆེན་ཡོངས་ཀྱིས་ལས་རིགས་ལྔའི་མཉམ་འདྲེས་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་འགྲེམ་སྟོན་སྟེགས་བུ་གལ་ཆེན་ཞིག་ཡིན་པས། མ་ལག་ལྡན་པའི་བསམ་བློ་ཇེ་བརྟན་དུ་བཏང་སྟེ། ལས་རིགས་དང་ཁུལ་ཁོངས་ཀྱི་བར་ཁྱད་གཏོར་བ་དང་། མཉམ་འདྲེས་མཉམ་གནས་ཀྱི་འདུ་ཤེས་བཟུང་ནས། ལས་རིགས་ལས་བརྒལ་བའི་ཐོན་ཁུངས་རྒྱུ་རྐྱེན་སྡེབ་སྒྲིག་བསྐྱར་སྒྲིག་ལ་སྐུལ་འདེད་བཏང་ནས།  ཐོན་ལས་རྣམ་པ་གསར་པ་དང་འཕེལ་རྒྱས་ཐབས་ལམ་གསར་པ་གྲུབ་པར་བྱེད་དགོས། སྲིད་གཞུང་གིས་མཛུབ་སྟོན་བྱེད་པ་དང་། སྤྱི་ཚོགས་དང་དམངས་ཁྲོད་རྩ་འཛུགས་ཀྱིས་གཙོ་སྒྲུབ་བྱེད་པ། ལས་རིགས་ཁག་རྒྱ་ཆེར་ཟབ་ཞུགས་བྱེད་པ་བཅས་རྒྱུན་འཁྱོངས་བྱས་ཏེ། མཉམ་འབྲེལ་འགྲན་སྡུར་དེ་ཞིང་ཕྱུགས་ཁེ་ལས་ཀྱི་འཕེལ་རྒྱས་མཚོན་པའི་འགྲེམ་པང་ཞིག་དང་། ལུས་རྩལ་ཐོན་ལས་མྱུར་དུ་འཕེལ་བར་རོགས་འདེགས་བྱེད་པའི་རྨང་རྡོ་ལྟ་བུ།  རིག་གནས་ཡུལ་སྐོར་ལས་རིགས་དར་ཞིང་རྒྱས་པའི་གར་སྟེགས་དང་རང་མོས་སྨྱན་སྦྱོར་ལས་རིགས་འཕེལ་རྒྱས་ལ་རོགས་རམ་བྱེད་པའི་སྟེགས་བུ་རུ་འགྱུར་བར་བྱས་ཏེ། ཚད་མཐོའི་མཉམ་འདྲེས་དང་འཁོར་སྐྱོད་ལེགས་པའི་མཉམ་འབྲེལ་འགྲན་སྡུར་གྱི་སྐྱེ་ཁམས་ཕྲེང་འབྲེལ་གྲུབ་པར་བྱེད་དགོས་ཞེས་གསལ་བོར་བསྟན།

ལིའུ་ཆི་ཧྥན་གྱིས་གྲོང་ཁྱེར་དང་ཁུལ་སོ་སོ་དང་། འགྲན་སྡུར་རྩ་འཛུགས་ཨུ་ཡོན་ལྷན་ཁང་གིས་གཞོགས་འདེགས་དམ་ཟབ་བྱེད་པ་དང་། མཉམ་ལས་ཤུགས་འདོན་བྱས་ཏེ། ཤུགས་ཆེན་པོས་འགྲན་སྡུར་དྲིལ་སྒྲོག་ལས་དོན་སྤེལ་བ་དང་། ཕྱོགས་མང་རྒྱབ་སྐྱོར་འཚོལ་ཞིབ་བྱེད་དགོས་ཤིང་། འགྲན་སྡུར་དེ་བདེ་འཇགས་གོ་རིམ་ལྡན་པ་དང་། ཁྱད་མཚར་ངང་མཇུག་བསྡུ་བར་ནུས་ཤུགས་ཡོད་རྒུས་འགན་སྲུང་བྱེད་དགོས། མགོ་བརྩམས་པ་ནས་བརྟན་པོར་བཟང་ཕྱོགས་སུ་འཕེལ་བར་ཁག་ཐེག་བྱས་ཏེ། སྤྱི་ཚོགས་ཀྱི་དོ་ཁུར་སྔར་ལས་མང་བ་དང་མང་ཚོགས་ཟབ་ཞུགས་བྱེད་ཚད་སྔར་ལས་ཇེ་མང་དུ་གཏོང་དགོས། འགྲན་སྡུར་འདྲ་མཉམ་དྲང་གཞག་ཡོང་བར་ཁག་ཐེག་བྱས་ཏེ་སྤྲོ་སྐྱིད་སྤྱོད་གཙང་གི་སྣང་བརྙན་བཟང་པོ་ཞིག་བསྐྲུན་དགོས། འགྲན་སྡུར་བརྒྱུད་རིམ་ཧྲིལ་བོ་བདེ་འཇགས་གོ་རིམ་ལྡན་པར་ཁག་ཐེག་བྱས་ཏེ། བདེ་འཇགས་མཐའ་འཁྱོལ་གྱི་འགོག་ཐིག་ཡོད་པར་བྱས་ནས། རྒྱ་ཆེའི་མི་དམངས་མང་ཚོགས་ཀྱི་སྤྱན་ལམ་དུ་བསམ་པའི་རྒྱགས་ཕྱེ་ཕུན་སུམ་ཚོགས་པ་ཞིག་དང་། ཐོན་རྫས་གཅིག་བསྡུས་ཀྱི་གར་སྟེགས་ཆེན་མོ་ཞིག་འཆར་བར་བྱེད་དགོས་ཞེས་བླང་བྱ་བཏོན།

ཚེ་རིང་ཐར་གྱིས་མགོ་འཛིན་བྱེད་སྐབས། མཚོ་སྔོན་གྱི་རིམ་འདས་རྐང་གྲུག་འགྲན་སྡུར་སྤེལ་བ་ནི་རང་ཞིང་གིས་ཞིང་ལས་དང་ལུས་རྩལ། རིག་གནས་ཡུལ་སྐོར། ཚོང་ལས་བཅས་ཀྱི་ཐོན་ལས་མཉམ་འདྲེས་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་བྱེད་ཐབས་འཚོལ་ཞིབ་ཧུར་ཐག་བྱེད་པ་ཞིག་ཡིན་པས། གྲོང་ཁྱེར་དང་ཁུལ་སོ་སོ། འབྲེལ་ཡོད་སྡེ་ཁག་སོ་སོས་རང་རང་གི་ལས་འགན་ཕྲག་ཏུ་ལེན་པ་དང་འགན་འཁྲི་དོན་འཁྱོལ་བྱས་ཏེ། བསམ་བློའི་ངོས་ཤེས་སྟེང་སྔར་ལས་ལྷག་པར་མཐོང་ཆེན་དང་། བྱ་བའི་ཇུས་གཞི་སྔར་ལས་ལྷག་པར་ལེགས་སྒྱུར་བྱེད་པ། འགན་སྲུང་བྱེད་ཐབས་སྔར་ལས་འཐུས་ཚང་དུ་གཏོང་དགོས་ཤིང་།  འགྲན་སྡུར་བྱེད་སྒོ་བདེ་ལེགས་ངང་སྤེལ་བ་དང་གྲུབ་འབྲས་ཁྱད་འཕགས་ལོན་པར་ཁག་ཐེག་བྱེད་དགོས་ལ།  རོང་འབྲོག་མང་ཚོགས་ཀྱི་ཡོངས་འབབ་འཕར་སྣོན་ལ་སྐུལ་ཁྲིད་བྱས་ནས། ཞིང་གསུམ་བྱ་བའི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་རོགས་ཤུགས་འདོན་པ་དང་སྐུལ་འདེད་གཏོང་དགོས་ཞེས་བཤད།

མཚོ་སྔོན་རིམ་འདས་རྐང་གྲུག་འགྲན་སྡུར་དེ་ཟླ5པའི་ཚེས18ཉིན་ཟི་ལིང་དུ་སྤེལ་མགོ་རྩོམ་རྒྱུ་ཡིན་ལ། རང་ཞིང་གི་གྲོང་ཁྱེར་དང་ཁུལ་བརྒྱད་ཀྱིས་རྐང་གྲུག་རུ་ཁག་རེ་རྩ་འཛུགས་བྱས་ཏེ་འགྲན་སྡུར་ལ་ཞུགས་རྒྱུ་རེད། འགྲན་སྡུར་དེ་འགྲན་ཞུགས་བདག་གཞན་འཁོར་སྐྱོད་ཀྱི་སྐར་གསོག་འགྲན་སྡུར་རྣམ་པས་སྤེལ་རྒྱུ་ཡིན་ལ། དུས་རིམ་གཉིས་བགར་ནས་སྤེལ་རྒྱུ་རེད། དུས་རིམ་དང་པོ་དེ་ཟླ5པའི་ཚེས18ཉིན་ནས་ཟླ7པའི་ཚེས14ཉིན་བར་དང་། དུས་རིམ་གཉིས་པ་དེ་ཟླ8པའི་ཚེས10ཉིན་ནས་ཟླ10ཚེས3ཉིན་བར་རེད། དེར་བསྡོམས་པས་འགྲན་རིམ14དང་འགྲན་ཐེངས56ཡོད། འགྲན་སྡུར་ཡོངས་གུང་གསེང་འཕར་མའི་ཉིན་ལ་བཀོད་སྒྲིག་བྱས་ཡོད་ལ། བརྒྱུད་རིམ་ཡོངས་རིན་མེད་སྒོས་རྒྱ་ཆེའི་གྲོང་ཁྱེར་མི་དམངས་དང་རོང་འབྲོག་མང་ཚོགས། ཡུལ་སྐོར་པ་བཅས་ལ་གཟིགས་འབུལ་བྱ་རྒྱུ་རེད།

རིག་འཛིན་སྒྲོལ་མས་བསྒྱུར།