ཧན་ཀྲིན་གྱིས་ཧ་སག་སི་ཐན་གྱི་གྲོས་ཁང་ཞོལ་མའི་གྲོས་དཔོན་ཁི་ཧྲ་ནའོ་ཧྥུའུ་ལ་མཇལ་འཕྲད་གནང་།
2024.04.25 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 0

ཟླ4པའི་ཚེས24ཉིན།  རྒྱལ་ཁབ་ཀྱི་ཀྲུའུ་ཞི་གཞོན་པ་ཧན་ཀྲིན་གྱིས་པེ་ཅིང་དུ་ཧ་སག་སི་ཐན་གྱི་གྲོས་ཁང་ཞོལ་མའི་གྲོས་དཔོན་ཁི་ཧྲ་ནའོ་ཧྥུའུ་ལ་མཇལ་འཕྲད་གནང་།

རྒྱལ་ཁབ་ཀྱི་ཀྲུའུ་ཞི་གཞོན་པ་ཧན་ཀྲིན་གྱིས་ཚེས24ཉིན་པེ་ཅིང་དུ་ཧ་སག་སི་ཐན་གྱི་གྲོས་ཁང་ཞོལ་མའི་གྲོས་དཔོན་ཁི་ཧྲ་ནའོ་ཧྥུའུ་ལ་མཇལ་འཕྲད་གནང་།

ཧན་ཀྲིན་གྱིས་ན་ནིང་ཀྲུའུ་ཞི་ཞི་ཅིན་ཕིང་དང་ཙུང་ཐུང་ཐའོ་ཁཱ་ཡེ་ཧྥུའུ་གཉིས་ཀྱིས་ཐུག་འཕྲད་ཐེངས་གཉིས་བྱས་ཏེ་ཀྲུང་གོ་དང་ཧ་སག་སི་ཐན་གྱི་ལས་སྐལ་གཅིག་མཐུན་ཚོགས་པ་འཛུགས་པའི་ཐད་བཀོད་སྒྲིག་གསར་པ་གནང་། ཀྲུང་གོ་དང་ཧ་སག་སི་ཐན་གྱི་འབྲེལ་བས་རྫོགས་ལྡན་གྱི་ལོ་ངོ་སུམ་ཅུའི་སྒོ་འཕར་ཕྱེས་པ་དང་།  ཀྲུང་གོ་ཕྱོགས་ཀྱིས་ཧ་སག་སི་ཐན་ཕྱོགས་དང་མཉམ་དུ།   རྒྱལ་ཁབ་གཉིས་ཀྱི་གཙོ་འཛིན་བར་བྱུང་བའི་ཐུན་མོང་གི་ངོས་འཛིན་གལ་ཆེན་དོན་འཁྱོལ་བཟང་བོ་བྱེད་པ་དང་།  ཕན་ཚུན་གྱི་སྲོག་ཤིང་ཁེ་ཕན་ལ་འབྲེལ་ཞིང་དོ་ཁུར་བྱེད་པའི་གནད་དོན་སྟེང་བློ་བརྟན་འགྱུར་མེད་ངང་ཕན་ཚུན་རྒྱབ་སྐྱོར་བྱེད་པ།   རྒྱུད་གཅིག་ལམ་གཅིག་མཉམ་འཛུགས་བྱེད་རྒྱུ་དེ་ཧ་སག་སི་ཐན་གྱི་དཔལ་འབྱོར་སྲིད་ཇུས་གསར་པ་དང་སྦྲེལ་མཐུད་ཟབ་མོ་བྱེད་པ།   ཀྲུང་གོ་དང་ཧ་སག་སི་ཐན་མཉམ་ལས་ཨུ་ཡོན་ལྷན་ཁང་གི་གཅིག་གྱུར་མཐུན་སྦྱོར་བྱེད་ནུས་འདོན་སྤེལ་བཟང་བོ་བྱས་ནས་ཁྱབ་ཁོངས་གཙོ་བོའི་མཉམ་ལས་ལ་ཤུགས་སྣོན་པ་དང་མི་གཞུང་བརྗེ་རེས་གཏིང་ཟབ་ཏུ་སྤེལ་བ།   ཕྱོགས་མང་མཐུན་སྦྱོར་དམ་ཟབ་ཏུ་བཏང་ནས་འཛམ་གླིང་ཧྲིལ་བོའི་འཕེལ་རྒྱས་གྲོས་འགོ་དང་འཛམ་གླིང་ཧྲིལ་བོའི་བདེ་འཇགས་གྲོས་འགོ། འཛམ་གླིང་ཧྲིལ་བོའི་དཔལ་ཡོན་གྲོས་འགོ་བཅས་དོན་འཁྱོལ་བྱེད་པར་སྐུལ་འདེད་བཏང་སྟེ་ཕྱོགས་མང་རིང་ལུགས་ངོ་མ་མཉམ་དུ་ལག་བསྟར་བྱེད་འདོད་ཡོད་ཅེས་བསྟན།

ཁི་ཧྲ་ནའོ་ཧྥུའུ་ཡིས་ད་ལོ་ནི་ཧ་སག་སི་ཐན་དང་ཀྲུང་གོའི་བར་འབྲེལ་བ་བཙུགས་ནས་ལོ་ངོ་སོ་གཉིས་འཁོར་བའི་ལོ་ཡིན།   ཧ་སག་སི་ཐན་དང་ཀྲུང་གོའི་འབྲེལ་བ་དེ་ཡུན་རིང་གི་ཕྱོགས་ཡོངས་ཀྱི་འཐབ་ཇུས་གྲོགས་པོའི་འབྲེལ་བར་རིམ་སྤོར་བྱས་ཡོད།   ཧ་སག་སི་ཐན་ཕྱོགས་ཀྱིས་ཀྲུང་གོའི་བར་གྱི་དངོས་གཉེར་མཉམ་ལས་ལ་ཤུགས་བསྣན་ནས་མི་དམངས་བར་གྱི་མཛའ་བརྩེ་ཇེ་ཟབ་ཏུ་གཏོང་བ་དང་རྒྱལ་ཁབ་གཉིས་ཀྱི་འབྲེལ་བ་རྒྱུན་ཆད་མེད་པར་འཕེལ་རྒྱས་འགྲོ་བར་སྐུལ་འདེད་གཏོང་འདོད་ཡོད་ཅེས་བསྟན།

ལྷ་མོ་ཚེ་རིང་གིས་བསྒྱུར།