ཞི་ཅིན་ཕིང་གིས་ཀྲུང་གོ་དང་ལཱ་ཏེན་མེ་གླིང་དང་ཅ་ལི་པེ་རྒྱལ་ཁབ་ཀྱི་མཁའ་སྐྱོད་མཉམ་ལས་གླེང་སྟེགས་སྐབས་དང་པོར་རྟེན་འབྲེལ་ཞུ་བའི་འཕྲིན་ཡིག་བསྐུར།
2024.04.25 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 0

ཟླ4པའི་ཚེས24ཉིན། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཀྲུང་གོ་དང་ལཱ་ཏེན་མེ་གླིང་དང་ཅ་ལི་པེ་རྒྱལ་ཁབ་ཀྱི་མཁའ་སྐྱོད་མཉམ་ལས་གླེང་སྟེགས་སྐབས་དང་པོར་རྟེན་འབྲེལ་ཞུ་བའི་འཕྲིན་ཡིག་བསྐུར།

ཞི་ཅིན་ཕིང་གིས་བསྟན་དོན། ད་ལོ་ནི་ང་དང་ལཱ་ཏེན་མེ་གླིང་ཕྱོགས་ཀྱི་འགོ་ཁྲིད་མི་སྣས་མཉམ་དུ་ཀྲུང་གོ་དང་ལཱ་ཏེན་མེ་གླིང་དང་ཅ་ལི་པེ་རྒྱལ་ཁབ་ཀྱི་གཅིག་མཐུན་ཚོགས་པའི་གླེང་སྟེགས་བཙུགས་པ་ཁྱབ་བསྒྲགས་བྱས་ཏེ་ལོ་ངོ་བཅུ་འགོར་བའི་ལོ་ཡིན། ལོ་ངོ་བཅུའི་རིང་ལ། ཀྲུང་གོ་དང་ལཱ་ཏེན་མེ་གླིང་གླེང་སྟེགས་ཀྱི་སྒྲོམ་གཞིའི་ནང་། ཀྲུང་གོ་དང་ལཱ་ཏེན་མེ་གླིང་གི་ཁྱབ་ཁོངས་སོ་སོའི་མཛའ་མཐུན་མཉམ་ལས་མགྱོགས་མྱུར་སྒོས་འཕེལ་རྒྱས་སུ་སོང་ནས། ཀྲུང་གོ་དང་ལཱ་ཏེན་མེ་གླིང་གི་འབྲེལ་བ་འདྲ་མཉམ་དང་གཉིས་ཕན། གསར་སྐྲུན། སྒོ་འབྱེད། དམངས་ཕན་གྱི་དུས་རབས་གསར་བར་ཞུགས་པར་སྐུལ་འདེད་བཏང་། ཉེ་བའི་ལོ་འགའི་རིང་ལ། ཀྲུང་གོ་དང་ལཱ་ཏེན་མེ་གླིང་གི་མཁའ་སྐྱོད་མཉམ་ལས་ཐད་ནས་གྲུབ་འབྲས་གཡུར་དུ་ཟ་བ་བླངས་པར་ང་རང་དགའ་སྤྲོ་ཆེན་པོ་སྐྱེས་ཡོད། ཕྱོགས་གཉིས་ཀྱིས་རྒྱང་ཚོར་འཁོར་སྐར་དང་འཕྲིན་གཏོང་འཁོར་སྐར་སོགས་ཁྱབ་ཁོངས་ཀྱི་མཉམ་ལས་ཐད་ནས་རྒྱུན་མི་ཆད་པར་གྲུབ་འབྲས་གསར་པ་བླངས་ནས། ཚན་རྩལ་ཡར་ཐོན་ལ་སྐུལ་འདེད་གཏོང་བ་དང་ཁུལ་ཁོངས་མཉམ་འབྲེལ་ལ་ཤུགས་སྣོན་པ། དམངས་ཚིས་བདེ་སྐྱིད་ཇེ་མཐོར་གཏོང་བའི་ཐད་ནས་ནུས་པ་གལ་ཆེན་འདོན་སྤེལ་བྱས། ཀྲུང་གོས་ལཱ་ཏེན་མེ་གླིང་དང་ཅ་ལི་པེ་རྒྱལ་ཁབ་དང་མཉམ་དུ། ཀྲུང་གོ་དང་ལཱ་ཏེན་མེ་གླིང་གི་མཁའ་སྐྱོད་མཉམ་ལས་གླེང་སྟེགས་སྐབས་དང་པོ་འགོ་ཚུགས་ས་རུ་བྱས་ནས། ཀྲུང་གོ་དང་ལཱ་ཏེན་མེ་གླིང་གི་ཆུ་ཚད་མཐོ་བའི་མཁའ་སྐྱོད་མཉམ་ལས་གྲོགས་པོའི་འབྲེལ་བ་འཛུགས་པ་དང་། མཁའ་སྐྱོད་ལག་རྩལ་གྱིས་ཕྱོགས་གཉིས་ཀྱི་མི་དམངས་ལ་སྔར་ལས་ཕན་འདོགས་པར་སྐུལ་འདེད་བཏང་སྟེ། ཀྲུང་གོ་དང་ལཱ་ཏེན་མེ་གླིང་གི་ལས་སྐལ་གཅིག་མཐུན་ཚོགས་པ་འཛུགས་པར་རྒྱུན་མཐུད་ངང་སྐུལ་འདེད་གཏོང་འདོད་ཡོད།

ཀྲུང་གོ་དང་ལཱ་ཏེན་མེ་གླིང་དང་ཅ་ལི་པེ་རྒྱལ་ཁབ་ཀྱི་མཁའ་སྐྱོད་མཉམ་ལས་གླེང་སྟེགས་སྐབས་དང་པོ་ཉིན་དེར་ཧུའུ་པེ་ཝུའུ་ཧན་དུ་འཚོགས་འགོ་བརྩམས་པ་དང་། ཀྲུང་གོ་རྒྱལ་ཁབ་མཁའ་སྐྱོད་ཅུའུ་དང་ཧུའུ་པེ་ཞིང་ཆེན་མི་དམངས་སྲིད་གཞུང་གཉིས་ཀྱིས་མཉམ་དུ་གཙོ་སྒྲུབ་བྱས་པ་རེད།

རིན་ཆེན་མཚོས་བསྒྱུར།