ཀྲའོ་ལི་ཅི་ཡིས་མོ་ཞི་ཁོའི་གྲོས་ཞུགས་ཁང་བཙུགས་ནས་ལོ་འཁོར་ཉིས་བརྒྱ་ལོན་པར་རྟེན་འབྲེལ་ཞུ་བའི་བྱ་འགུལ་སྟེང་བརྙན་རིས་ཤིས་ཚིག་ཕུལ།
2024.04.25 ཁུངས། ཀྲུང་དབྱང་བརྙན་འཕྲིན་དྲ་བ། ཀློག་གྲངས། 0

མོ་ཞི་ཁོའི་གྲོས་ཞུགས་ཁང་གི་གྲོས་དཔོན་ལིས་ཝེ་ལཱ་ཡིས་གདན་དྲངས་པ་ལྟར།   རྒྱལ་ཡོངས་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཨུ་ཡོན་ཀྲང་ཀྲའོ་ལི་ཅི་ཡིས་མོ་ཞི་ཁོའི་དུས་ཚོད་ཚེས23ཉིན་མོ་ཞི་ཁོའི་གྲོས་ཞུགས་ཁང་བཙུགས་ནས་ལོ་འཁོར་ཉིས་བརྒྱ་ལོན་པར་རྟེན་འབྲེལ་ཞུ་བའི་བྱ་འགུལ་སྟེང་བརྙན་རིས་ཤིས་ཚིག་ཕུལ།

ཀྲའོ་ལི་ཅི་ཡིས་ཤིས་ཚིག་ཁྲོད་དུ་ཀྲུང་གོ་རྒྱལ་ཡོངས་དམངས་ཆེན་གྱི་ཚབ་བྱས་ཏེ་མོ་ཞི་ཁོའི་གྲོས་ཞུགས་ཁང་བཙུགས་ནས་ལོ་འཁོར་ཉིས་བརྒྱ་ལོན་པར་སྤྲོ་སེམས་འཁོལ་བའི་རྟེན་འབྲེལ་ཞུས།   ཁོང་གིས་ཀྲུང་གོ་དང་མོ་ཞི་ཁོའི་བར་འབྲེལ་བ་བཙུགས་ནས་ལོ་ལྔ་བཅུ་ལྷག་འགོར་བའི་རིང་ལ།  ཕན་ཚུན་བར་གྱི་ཆབ་སྲིད་ཡིད་རྟོན་ཉིན་རེ་བཞིན་ཇེ་ཟབ་ཏུ་སོང་བ་དང་དངོས་གཉེར་མཉམ་ལས་ཐད་གྲུབ་འབྲས་གཡུར་དུ་ཟ་བ་བླངས།   ན་ནིང་གི་ཟླ་བཅུ་གཅིག་པར།   ཀྲུའུ་ཞི་ཞི་ཅིན་ཕིང་དང་ཙུང་ཐུང་ལོ་ཕེ་སི་ཡིས་བདེ་བླག་ངང་གྲོས་མོལ་གནང་སྟེ་རྒྱལ་ཁབ་གཉིས་ཀྱི་འབྲེལ་བའི་འཕེལ་རྒྱས་ཐད་འཐུབ་ཇུས་ཁྲིད་སྟོན་འདོན་སྤྲོད་བྱས་པ་དང་ཕྱོགས་གཉིས་ཀྱི་མཉམ་ལས་ལ་འཆར་འགོད་གསར་པ་གནང་།   ཀྲུང་གོ་ཕྱོགས་ཀྱིས་མོ་ཞི་ཁོ་ཕྱོགས་དང་མཉམ་དུ།   འཐབ་ཇུས་སྦྲེལ་མཐུད་ལ་ཤུགས་སྣོན་པ་དང་མཉམ་ལས་ཀྱི་སྦས་ཤུགས་སྔོག་འདོན་བྱས་ནས་ཀྲུང་གོ་དང་མོ་ཞི་ཁོའི་ཕྱོགས་ཡོངས་འཐབ་ཇུས་གྲོགས་པོའི་འབྲེལ་བའི་ནང་དོན་ཕུན་སུམ་ཇེ་ཚོགས་སུ་གཏོང་འདོད་ཡོད་ཅེས་བསྟན།

ཀྲའོ་ལི་ཅི་ཡིས་ཀྲུང་གོ་རྒྱལ་ཡོངས་དམངས་ཆེན་གྱིས་མོ་ཞི་ཁོ་རྒྱལ་ཕྲན་མཉམ་འབྲེལ་གྲོས་ཁང་བར་མཛའ་མཐུན་བརྗེ་རེས་སྲུང་འཛིན་བྱས་ཏེ།  2010ལོ་ནས་བཟུང་ཀྲུང་གོ་དང་མོ་ཞི་ཁོའི་ཁྲིམས་འཛུགས་སྡེ་ཁག་བར་གྱི་གྲོས་མོལ་གླེང་སྟེགས་སྐབས་ལྔ་ལ་སྤེལ།   རྒྱལ་ཁབ་གཉིས་ཀྱི་ཁྲིམས་འཛུགས་སྡེ་ཁག་གིས་རིམ་པ་མང་པོ་དང་ཁྱབ་ཁོངས་མང་པོའི་བརྗེ་རེས་འབྲེལ་འདྲིས་གཏིང་ཟབ་ཏུ་སྤེལ་བ་དང་།   ཁྲིམས་འཛུགས་དང་ལྟ་སྐུལ་སོགས་ཕྱོགས་ཀྱི་ཉམས་མྱོང་བརྗེ་རེས་ལ་ཤུགས་བསྣན་ནས་གཉིས་ཕན་མཉམ་ལས་ཐད་བཅའ་ཁྲིམས་ཀྱི་རྒྱབ་སྐྱོར་འདོན་སྤྲོད་དང་ཀྲུང་གོ་དང་མོ་ཞི་ཁོའི་མཛའ་མཐུན་གྱི་སྤྱི་ཚོགས་དང་དམངས་བློའི་རྨང་གཞི་སྲ་བརྟན་དུ་གཏོང་རྒྱུའི་རེ་བ་བཅངས་ཡོད་ཅེས་བསྟན།

ཀྲའོ་ལི་ཅི་ཡིས་མོ་ཞི་ཁོ་ལ་ལ་ཏེན་མེ་གླིང་ས་ཁུལ་དང་འཛམ་གླིང་དུ་ཤུགས་རྐྱེན་ཆེན་པོ་ལྡན།   ཀྲུང་གོ་ཕྱོགས་ཀྱིས་མོ་ཞི་ཁོ་དང་བཅས་པའི་ལ་ཏེན་མེ་གླིང་རྒྱལ་ཁབ་བར་གྱི་ཕྱོགས་མང་མཐུན་སྦྱོར་ལ་ཤུགས་བསྣན་ནས་ཀྲུང་གོ་དང་མོ་ཞི་ཁོ་དང་ཀྲུང་གོ་དང་ལ་ཏེན་མེ་གླིང་གི་འབྲེལ་བ་ཡུན་རིང་བརྟན་འཇགས་ཡོང་བར་སྐུལ་འདེད་གཏོང་འདོད་ཡོད་ཅེས་བསྟན།

ལྷ་མོ་ཚེ་རིང་གིས་བསྒྱུར།