རྒྱལ་ཡོངས་དམངས་ཆེན་སྐབས་བཅུ་བཞི་པའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གིས་ཨུ་ཡོན་ཀྲང་གི་གྲོས་ཚོགས་ཐེངས་ཉེར་བཞི་པ་བསྡུས།
2024.04.25 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 0

རྒྱལ་ཡོངས་དམངས་ཆེན་སྐབས་བཅུ་བཞི་པའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཨུ་ཡོན་ཀྲང་གི་གྲོས་ཚོགས་ཐེངས་ཉེར་བཞི་པ་ཚེས24ཉིན་གྱི་ཕྱི་དྲོར་པེ་ཅིང་མི་དམངས་ཚོགས་ཁང་ཆེན་མོའི་ནང་བསྡུས། ཨུ་ཡོན་ཀྲང་ཀྲའོ་ལི་ཅི་ཡིས་མགོ་འཛིན་མཛད།

ཚོགས་ཐོག་ནས་རྒྱལ་ཡོངས་དམངས་ཆེན་རྩ་ཁྲིམས་དང་བཅའ་ཁྲིམས་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རིན་ཨུ་ཡོན་ཞིན་ཁྲུན་དབྱིན་གྱིས་ཕུལ་བའི་བསླབ་གནས་བཅའ་ཁྲིམས་འཆར་ཟིན་གྱི་བཟོ་བཅོས་གྲོས་གཞིའི་སྐོར་གྱི་སྙན་ཞུ་དང་། སྒོ་ཁྲལ་བཅའ་ཁྲིམས་འཆར་ཟིན་གྱི་བཟོ་བཅོས་གྲོས་གཞིའི་སྐོར་གྱི་སྙན་ཞུ། ཞིང་ལས་ལག་རྩལ་ཁྱབ་གདལ་བཅའ་ཁྲིམས་སོགས་བཅའ་ཁྲིམས་ཁག་གསུམ་གྱི་བཟོ་བཅོས་འཆར་ཟིན་གྱི་གྲོས་ཞིབ་མཇུག་འབྲས་སྐོར་གྱི་སྙན་ཞུ་བཅས་ལ་ཉན་པ་དང་། འབྲེལ་ཡོད་འཆར་ཟིན་གྱི་བཟོ་བཅོས་མ་ཟིན་དང་ཆོད་དོན་འཆར་ཟིན་ལ་གྲོས་ཞིབ་བྱས།

ཚོགས་ཐོག་ཏུ་རྒྱལ་ཡོངས་དམངས་ཆེན་ཕྱི་དོན་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རིན་ཨུ་ཡོན་ལོའུ་ཆེན་ཅན་གྱིས་ཕུལ་བའི་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་དང་མོ་རི་ཐི་སི་སྤྱི་མཐུན་རྒྱལ་ཁབ་ཀྱི་ཉེས་དོན་ཁྲིམས་འཛིན་རོགས་འདེགས་སྐོར་གྱི་སྲོལ་ཡིག ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་དང་སེ་ནེ་ཀལ་སྤྱི་མཐུན་རྒྱལ་ཁབ་ཀྱི་ཕྱིར་སྤྲོད་སྲོལ་ཡིག ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་དང་ཞི་ལ་སྤྱི་མཐུན་རྒྱལ་ཁབ་ཀྱི་ཕྱིར་སྤྲོད་སྲོལ་ཡིག་བཅས་ཀྱི་གྲོས་ཞིས་གནས་ཚུལ་སྐོར་གྱི་སྙན་ཞུ་ལ་ཉན་པ་དང་། མཆན་འགོད་སྲོལ་ཡིག་གི་ཆོད་དོན་འཆར་ཟིན་སྐོར་གྱི་ཚབ་བྲིས་མ་ཟིན་ལ་གྲོས་ཞིབ་བྱས།

ཚོགས་ཐོག་ནས་རྒྱལ་ཡོངས་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་དྲུང་ཡིག་ཆེན་མོ་ལིའུ་ཆི་ཡིས་ཕུལ་བའི་འཐུས་མི་ཁ་ཤས་ཀྱི་འཐུས་མིའི་ཐོབ་ཐང་གི་སྙན་ཞུ་དང་འཐེན་བསྐོ་ཇུས་གཞིའི་གྲོས་ཞིབ་གནས་ཚུལ་སྐོར་གྱི་སྙན་ཞུ་ལ་ཉན།

ཨུ་ཡོན་ཀྲང་གྲོས་ཚོགས་ཀྱིས། གོང་གསལ་གྱི་འཆར་ཟིན་གྱི་བཟོ་བཅོས་མ་ཟིན་སོགས་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་གྲོས་ཚོགས་སྟེང་གྲོས་ཞིབ་བྱེད་པར་སྤྲོད་རྒྱུའི་ཐག་བཅད།

རིན་ཆེན་མཚོས་བསྒྱུར།