ཞིང་ཆེན་མི་རབས་རྗེས་མར་སེམས་ཁུར་བྱེད་པའི་བྱ་བའི་ཨུ་ཡོན་ལྷན་ཁང་གིས་སྐབས་བཅུ་པའི་རྒན་གཞོན་ལག་གདང་སྦྲེལ་ནས་གཙང་གསུམ་འབྱུང་ཡུལ་ལ་སྲུང་སྐྱོབ་དང་བློ་སེམས་གཅིག་མཐུན་གྱིས་མདོ་ལ་རི་བོའི་རྒྱལ་ཁབ་སྤྱི་གླིང་འཛུགས་སྐྲུན་བྱེད་ཅེས་པའི་བྱེད་སྒོ་སྤེལ་མགོ་བརྩམས།
2024.04.26 ཁུངས། མཚོ་སྔོན་ཉིན་རེའི་ཚགས་པར། ཀློག་གྲངས། 0

ཟླ4པའི་ཚེས25ཉིན། ཞིང་ཆེན་མི་རབས་རྗེས་མར་སེམས་ཁུར་བྱེད་པའི་བྱ་བའི་ཨུ་ཡོན་ལྷན་ཁང་དང་། ཞིང་ཆེན་ཏང་ཨུའི་ལས་བྱེད་པ་རྒན་པའི་ཅུའུ། ཞིང་ཆེན་ནགས་ལས་དང་རྩྭ་ཐང་ཅུའུ། གུང་གཞོན་ཚོགས་པ་མཚོ་སྔོན་ཞིང་ཆེན་ཨུ་ཡོན་ལྷན་ཁང་བཅས་ཀྱིས་མཚོ་བྱང་བོད་རིགས་རང་སྐྱོང་ཁུལ་མིན་ཡོན་ཧོས་རིགས་རང་སྐྱོང་རྫོང་ནས་སྐབས་བཅུ་པའི་རྒན་གཞོན་ལག་རྡང་སྦྲེལ་ནས་གཙང་གསུམ་འབྱུང་ཡུལ་ལ་སྲུང་སྐྱོབ་དང་། བློ་སེམས་གཅིག་མཐུན་གྱིས་མདོ་ལ་རི་བོའི་རྒྱལ་ཁབ་སྤྱི་གླིང་འཛུགས་སྐྲུན་བྱེད་ཅེས་པའི་བྱེད་སྒོའི་མགོ་རྩོམ་མཛད་སྒོ་བསྡུས། ཞིང་ཆེན་མི་རབས་རྗེས་མར་སེམས་ཁུར་བྱེད་པའི་བྱ་བའི་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རིན་པད་མ་མཛད་སྒོར་ཞུགས་པར་མ་ཟད་གཏམ་བཤད་པ་དང་། ཞིང་ཆེན་མི་རབས་རྗེས་མར་སེམས་ཁུར་བྱེད་པའི་བྱ་བའི་ཨུ་ཡོན་ལྷན་ཁང་གི་རྒྱུན་ལས་ཀྲུའུ་རིན་གཞོན་པ་མཱ་ཅི་ཞའོ་དང་ཀའོ་རུའུ་ཀྲའོ། ཀྲུའུ་རིན་གཞོན་པ་སུའུ་ཉིང་བཅས་མཛད་སྒོར་ཞུགས།

མཛད་སྒོའི་སྟེང་། ཞིང་ཆེན་མི་རབས་རྗེས་མར་སེམས་ཁུར་བྱེད་པའི་བྱ་བའི་ཨུ་ཡོན་ལྷན་ཁང་གིས་སློབ་མ་ལྔ་བཅུར་སློབ་སྦྱོང་ཡོ་བྱད་བྱིན།  མཚོ་བྱང་ཁུལ་དང་། མིན་ཡོན་རྫོང་གི་འབྲེལ་ཡོད་ལས་ཁུངས་ཀྱི་ལས་བཟོ་པ་དང་རྒན་ལྔ། སློབ་མ། ན་གཞོན་དང་བླངས་པའི་འཐུས་ཚབ་པ་བཅས་ཁྱོན་བསྡོམས་མི་ཉིས་བརྒྱ་ལྷག་སྡོང་འཛུགས་བྱེད་སྒོར་ཞུགས།

ཞིང་ཆེན་མི་རབས་རྗེས་མར་སེམས་ཁུར་བྱེད་པའི་བྱ་བའི་ཨུ་ཡོན་ལྷན་ཁང་གི་འབྲེལ་ཡོད་འགན་འཁུར་བློ་མཐུན་གྱིས་ངོ་སྤྲོད་བྱས་པ་ལྟར་ན། ཉེ་བའི་ལོ་འགའི་རིང་། ཞིང་ཆེན་མི་རབས་རྗེས་མར་སེམས་ཁུར་བྱེད་པའི་བྱ་བའི་ཨུ་ཡོན་ལྷན་ཁང་གིས་ཐོག་མཐའ་བར་གསུམ་དུ་ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་སྲིད་གཞུང་གི་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ་དང་འཛུགས་སྐྲུན་གྱི་ལས་འགན་གཙོ་བོར་གཞིགས་ཏེ། རྒྱ་ཆེའི་རྒན་ལྔའི་དགེ་མཚན་བྱེད་ནུས་འདོན་སྤེལ་གང་ལེགས་བྱས་པ་དང་། སྡེ་ཁག་སོ་སོ་མཉམ་འབྲེལ་བྱས་ཤིང་། རྒན་གཞོན་ལག་གདང་སྦྲེལ་བའི་ཐབས་ལམ་གྱིས་ན་གཞོན་རྣམས་རང་ཞིང་གི་སྐྱེ་ཁམས་དཔལ་ཡོན་གྱི་མཐོ་ས་བསྐྲུན་པའི་འགུལ་སྐྱོད་ཁྲོད་ཧུར་ཐག་གིས་ཞུགས་པར་སྣེ་ཁྲིད་བྱས། རིམ་པ་སོ་སོའི་མི་རབས་རྗེས་མར་སེམས་ཁུར་བྱེད་པའི་བྱ་བའི་ཨུ་ཡོན་ལྷན་ཁང་གིས་ཐེངས་འདིའི་བྱེད་སྒོ་གོ་སྐབས་སུ་བརྩིས་ནས། རྒན་གཞོན་ལག་གདང་སྦྲེལ་ནས་གཙང་གསུམ་འབྱུང་ཡུལ་ལ་སྲུང་སྐྱོབ་བྱེད་པའི་བྱེད་སྒོའི་ཚོང་རྟགས་འདོན་སྤེལ་གང་ལེགས་བྱེད་པ་དང་། རྒན་ལྔའི་དགེ་མཚན་བྱེད་ནུས་འདོན་སྤེལ་བྱེད་པར་ཁྲིད་སྟོན་དང་སྐུལ་སློང་བྱས་ཏེ། ན་གཞོན་རྣམས་ཀྱི་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ་ཤེས་བྱའི་སྒྲོག་འགྲེལ་པ་བཟང་པོ་དང་། ན་གཞོན་རྣམས་ཀྱི་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ་ལམ་གྱི་སྣེ་སྟོན་པ་བཟང་པོ། སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ་ཀྱི་སྤྱི་ཕན་བྱེད་སྒོའི་ལག་བསྟར་པ་བཟང་པོ་བཅས་བྱེད་དགོས། ནགས་རྩྭ་ཅུའུ་དང་། གུང་གཞོན་ཚོགས་པ་ཨུ་ཡོན་ལྷན་ཁང་། སློབ་གསོ་ཅུའུ་སོགས་འབྲེལ་ཡོད་སྡེ་ཁག་དང་མཉམ་འདྲེས་ཟབ་མོ་དང་སྟོབས་ཤུགས་གཅིག་སྡུད་བྱས་ཏེ། རང་ཞིང་གི་ལྗང་མདོག་སྐྱེ་ཁམས་འགོག་ར་སྲ་བརྟན་གཏོང་པ་དང་སྐྱེ་ཁམས་དཔལ་ཡོན་གྱི་མཐོ་ས་བསྐྲུན་པར་སྟོབས་ཤུགས་ལེགས་སྐྱེས་སུ་འབུལ་དགོས། 

ལྷ་མོ་འཚོས་བསྒྱུར།