ཟླ4པའི་ཚེས25ཉིན། ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི། ཞིང་ཆེན་ཏང་ཨུའི་ཕྱི་དོན་བྱ་བའི་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རིན་ཁྲིན་ཀང་གིས་འགོ་འཛིན་བྱས་ཏེ་ཞིང་ཆེན་ཏང་ཨུའི་ཕྱི་དོན་བྱ་བའི་ཨུ་ཡོན་ལྷན་ཁང་གི་ཚང་འཛོམས་གྲོས་ཚོགས་བསྡུས་ནས་གནས་ཚུལ་ཡར་ཞུ་བྱས་པར་ཉན་པ་དང་། འབྲེལ་ཡོད་ཡིག་ཆར་གྲོས་ཞིབ་བྱས་ལ། གོ་རིམ་རྗེས་མའི་བྱ་བར་ཞིབ་འཇུག་དང་བཀོད་སྒྲིག་བྱས། ཁྲིན་ཀང་གིས་ཞི་ཅིན་ཕིང་གི་ཕྱི་འབྲེལ་དགོངས་པ་སློབ་སྦྱོང་དང་ལག་བསྟར་ཟབ་མོ་བྱེད་པ་དང་། ཀྲུང་དབྱང་ཕྱི་དོན་བྱ་བའི་གྲོས་ཚོགས་དང་རྒྱལ་ཡོངས་ཀྱི་ས་གནས་ཕྱི་དོན་བྱ་བའི་གྲོས་ཚོགས་ཀྱི་དགོངས་དོན་ཕྱོགས་ཡོངས་ནས་དོན་འཁྱོལ་བྱས་ཏེ་བྱེད་ཐབས་དང་ལངས་གནས་ཡོད་པའི་སྒོ་ནས་ཆུ་ཚད་མཐོ་བའི་སྒོ་འབྱེད་ལ་ཡར་སྐུལ་བྱེད་པ་དང་བྱ་བའི་རྣམ་པ་གསར་པ་བསྐྲུན་པ། བྱ་བའི་གྲུབ་འབྲས་གསར་པ་བསྐྱེད་ནས་རྒྱལ་ཁབ་ཀྱི་སྤྱི་བའི་ཕྱི་འབྲེལ་སྤྱི་ཡོངས་ལ་ཞབས་འདེགས་ཞུ་བའི་ཁྲོད་དུ་མཚོ་སྔོན་གྱི་ཁག་ཁུར་མངོན་པར་བྱེད་དགོས་ཞེས་ནན་གྱིས་བསྟན།
ཧྲིན་ཀྲང་། ཞིང་ཆེན་ཏང་ཨུའི་ཕྱི་དོན་བྱ་བའི་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རིན་གཞོན་པ་ཝུའུ་ཞའོ་ཅུན་དང་། ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི་གཞོན་པ། ཞིང་ཆེན་ཏང་ཨུའི་ཕྱི་དོན་བྱ་བའི་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རིན་གཞོན་པ་ལིའུ་ཆི་ཧྥན། ཞིང་ཆེན་ཏང་ཨུའི་ཕྱི་དོན་བྱ་བའི་ཨུ་ཡོན་ལྷན་ཁང་གི་ཨུ་ཡོན་ཀྲུའུ་ཞང་ཧྥིན་དང་ཝང་ཧེ་ཧུང་བཅས་གྲོས་ཚོགས་ལ་ཞུགས།
གྲོགས་ཚོགས་སྟེང་། ན་ནིང་གི་ཚུན་ལ། ས་ཁུལ་སོ་སོ་དང་སྡེ་ཁག་སོ་སོས་ཞི་ཅིན་ཕིང་གི་ཕྱི་འབྲེལ་དགོངས་པ་སློབ་སྦྱོང་དང་ལག་བསྟར་ཟབ་མོ་བྱས་ཏེ་རང་རྟོགས་སྒོས་སྤྱིའི་ཕྱི་འབྲེལ་ལ་ཞབས་འདེགས་ཞུས་པ་དང་། ཕྱི་ཕྱོགས་དང་འབྲེལ་བའི་བདེ་འཇགས་འགོག་ར་བརྟན་སྲུང་བྱས་ལ། སྒོ་འབྱེད་འཕེལ་རྒྱས་ལ་སྐུལ་འདེད་ནན་མོ་བཏང་སྟེ་ཞིང་ཆེན་ཡོངས་ཀྱི་ཕྱི་དོན་བྱ་བར་གྲུབ་འབྲས་གསར་པ་བླངས་ཞེས་བསྟན།
གྲོས་ཚོགས་སྟེང་དུ། བློ་བརྟན་འགྱུར་མེད་ངང་ཞི་ཅིན་ཕིང་གི་ཕྱི་འབྲེལ་དགོངས་པར་བརྟེན་ནས་བསམ་བློར་དྲག་ཆས་སྤྲས་པ་དང་ལག་ལེན་ལ་མཛུབ་སྟོན་བྱེད་པ། བྱ་བར་སྐུལ་འདེད་གཏོང་བ་བཅས་བྱེད་དགོས་པ་དང་། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཀྲུང་དབྱང་ཕྱི་དོན་བྱ་བའི་གྲོས་ཚོགས་སྟེང་གནང་བའི་གསུང་བཤད་གལ་ཆེན་གྱི་དགོངས་དོན་སློབ་སྦྱོང་དང་ལག་བསྟར་ཟབ་མོ་བྱེད་པ། རྒྱལ་ཡོངས་ཀྱི་ས་གནས་ཕྱི་དོན་བྱ་བའི་གྲོས་ཚོགས་ཀྱི་བཀོད་སྒྲིག་ལྟར། ཏང་ཀྲུང་དབྱང་གིས་ཕྱི་དོན་བྱ་བའི་ཐད་བཏོན་པའི་ཇུས་ཆོད་བཀོད་སྒྲིག་མཚོ་སྔོན་ནས་ནུས་ཡོད་དང་ཕན་ནུས་ལྡན་པར་ལག་བསྟར་བྱེད་པར་སྐུལ་འདེད་གཏོང་དགོས། ཏང་དང་རྒྱལ་ཁབ་ཀྱི་ཕྱི་དོན་བྱ་བའི་སྤྱི་ཡོངས་ལ་ཞབས་འདེགས་བཟང་བོ་ཞུ་བ་དང་། ཏང་ཀྲུང་དབྱང་གི་འདོད་བློར་ངོས་འཛིན་ཡག་དག་དང་རྒྱུས་ལོན་ཡང་དག་བྱེད་པ། སྔར་ལས་རང་རྟོགས་ཀྱི་རྣམ་འགྱུར་ལ་བརྟེན་ནས་ཀྲུང་གོའི་གཏམ་རྒྱུད་དང་མཚོ་སྔོན་གྱི་གཏམ་རྒྱུད་བཟང་བོར་བཤད་དེ་ཏང་ཀྲུང་དབྱང་གིས་སྤྲད་པའི་ཕྱི་ཕྱོགས་དང་འབྲེལ་བའི་ལས་འགན་བློ་བརྟན་འགྱུར་མེད་ངང་ཡོངས་འགྲུབ་བྱེད་དགོས། རྒྱལ་ཁབ་ཀྱི་མཐའ་འཁོར་ཕྱི་འབྲེལ་ལ་ཞབས་འདེགས་ཞུ་བའི་ནུས་པ་མཐོར་འདེགས་སུ་གཏོང་བ་དང་། རྒྱལ་སྤྱིའི་མཛའ་མཐུན་གྲོང་ཁྱེར་དང་དམངས་ཁྲོད་བརྗེ་རེས། རྒྱལ་སྤྱིའི་བརྒྱུད་སྒྲོག་སོགས་ཁྱབ་ཁོངས་ལ་དམིགས་ནས་མཚོ་སྔོན་གྱི་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ་དང་དག་གཙང་ནུས་ཁུངས་འཕེལ་རྒྱས། ཚ་མཚོ་གསར་སྤེལ་བེད་སྤྱོད། རྒྱལ་ཁབ་སྤྱི་གླིང་འཛུགས་སྐྲུན། སྣ་མང་མི་རིགས་རིག་གནས་སོགས་ཕྱོགས་ཀྱི་དགེ་མཚན་ཁྱད་ཆོས་འདོན་སྤེལ་གང་ལེགས་བྱས་ཏེ་སྒྲུབ་ཆོག་པ་དང་སྒྲུབ་ཐུབ་པར་མ་ཟད། བཟང་བོར་སྒྲུབ་ཐུབ་པའི་ཕྱི་དོན་བྱ་འགུལ་ལ་འཆར་འགོད་དང་དེ་བཟང་བོར་སྤེལ་དགོས་ཞེས་ནན་གྱིས་བསྟན།
གྲོས་ཚོགས་སྟེང་དུ། ཏང་གི་ཕྱི་དོན་བྱ་བའི་ཐད་ཀྱི་གཅིག་བསྡུས་གཅིག་གྱུར་གྱི་འགོ་ཁྲིད་རྒྱུན་འཁྱོངས་དང་དེར་ཤུགས་སྣོན་པ་དང་། དབྱེ་ཞིབ་བརྡར་གཅོད་ལ་ཤུགས་སྣོན་པ། ཕྱི་ཕྱོགས་བྱ་བའི་ཐོན་ཁུངས་གཅིག་འདོམས་བྱེད་པ། ཕྱི་ཕྱོགས་བྱ་བའི་མིང་རྟགས་བཟང་བོར་སྤྱད་དེ་རྒྱལ་སྤྱིའི་བརྗེ་རེས་མཉམ་ལས་ལ་ཤུགས་སྣོན་དགོས། བྱ་བའི་ཕན་འབྲས་དངོས་ལ་མཐོང་ཆེན་བྱེད་པ་དང་གཅིག་གྱུར་མཐུན་སྦྱོར་ཇེ་དྲག་ཏུ་གཏོང་བ། གཟབ་ནན་ཞིབ་ཚགས་ཀྱི་གྲ་སྒྲིག་དང་མྱུར་དུ་སྒྲུབ་པའི་སྤྱོད་ཚུལ་ལ་བརྟེན་ནས་ཕྱི་དོན་བྱ་འགུལ་ལ་གྲུབ་འབྲས་ཆེན་པོ་ཐོབ་པར་འགན་སྲུང་བྱེད་དགོས། རང་སྟེང་གི་དཔུང་སྡེའི་འཛུགས་སྐྲུན་རྒྱུན་ཆད་མེད་པར་ཇེ་དྲག་ཏུ་གཏོང་བ་དང་། མཚོ་སྔོན་ཁ་གཏད་རོགས་སྐྱོར་བྱེད་པ་དང་ཤར་ནུབ་རྒྱུད་རོགས་ལས་མཐུན་སྦྱོར་གྱི་སྲིད་ཇུས་གོ་སྐབས་བེད་སྤྱོད་བཟང་བོར་བྱེད་པར་དོ་སྣང་བྱེད་པ། བརྗེ་རེས་སློབ་སྦྱོང་དང་ཞིབ་ཕྲའི་ལག་ལེན་ལ་ཤུགས་བསྣན་ནས་ཕྱི་དོན་ལ་འཆར་འགོད་དང་ཕྱི་དོན་བཟང་བོར་བསྒྲུབ་པའི་ཆུ་ཚད་རྒྱུན་ཆད་མེད་པར་མཐོར་འདེགས་སུ་གཏོང་དགོས་པའི་བླང་བྱ་བཏོན།
ལྷ་མོ་ཚེ་རིང་གིས་བསྒྱུར།