ཞིང་ཆེན་ཡོངས་ཀྱི་སྐོར་ཞིབ་སྐོར་གཟིགས་བྱ་བའི་གྲོས་ཚོགས་དང་ཞིང་ཆེན་ཏང་ཨུའི་སྐབས་བཅུ་བཞི་པའི་སྐོར་ཞིབ་ཐེངས་ལྔ་པའི་སྐུལ་སློང་བཀོད་སྒྲིག་གྲོས་ཚོགས་ཟི་ལིང་དུ་བསྡུས།
2024.04.26 ཁུངས། མཚོ་སྔོན་གསར་འགྱུར་དྲ་བ། ཀློག་གྲངས། 8

ཞིང་ཆེན་ཡོངས་ཀྱི་སྐོར་ཞིབ་སྐོར་གཟིགས་བྱ་བའི་གྲོས་ཚོགས་དང་ཞིང་ཆེན་ཏང་ཨུའི་སྐབས་བཅུ་བཞི་པའི་སྐོར་ཞིབ་ཐེངས་ལྔ་པའི་སྐུལ་སློང་བཀོད་སྒྲིག་གྲོས་ཚོགས་ཟླ4པའི་ཚེས25ཉིན་ཟི་ལིང་དུ་བསྡུས། ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི། ཞིང་ཆེན་དམངས་འཐུས་ཚོགས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རིན་ཁྲིན་ཀང་གྲོས་ཚོགས་ལ་ཞུགས་པར་མ་ཟད་གཏམ་བཤད། ཁོས་ནན་གྱིས་བསྟན་དོན། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་སྐོར་ཞིབ་བྱ་བའི་སྐོར་གྱི་རྣམ་བཤད་གལ་ཆེན་སློབ་སྦྱོང་ནན་མོ་དང་ལག་ལེན་མཐར་ཕྱིན་བྱེད་པ་དང་། རྒྱལ་ཡོངས་སྐོར་ཞིབ་བྱ་བའི་གྲོས་ཚོགས་དང་སྐབས་ཉི་ཤུ་པའི་ཀྲུང་དབྱང་སྐོར་ཞིབ་ཐེངས་གསུམ་པའི་སྐུལ་སློང་བཀོད་སྒྲིག་གྲོས་ཚོགས་ཀྱི་དགོངས་དོན་ཕྱོགས་ཡོངས་ནས་ལག་བསྟར་བྱེད་པ། ཏང་ཀྲུང་དབྱང་གི་སྐོར་ཞིབ་བྱ་བའི་ཐད་ཀྱི་བཀོད་སྒྲིག་གསར་པ་དང་རེ་བ་གསར་པར་གོ་བ་ཡང་དག་ལེན་པ། འཇིགས་ཟིལ་གྱི་ནུས་པ་ཇེ་དྲག་ཏུ་གཏོང་བ། རྩ་ལག་མཉམ་བཅོས་འབུར་དུ་ཐོན་པར་བྱེད་པ། ཞིང་ཆེན་ཏང་ཨུའི་སྐབས་བཅུ་བཞི་པའི་སྐོར་ཞིབ་ཐེངས་ལྔ་པ་གཏིང་ཟབ་ཏུ་སྤེལ་ནས། ཞིང་ཆེན་ཡོངས་ཀྱི་སྐོར་ཞིབ་སྐོར་གཟིགས་བྱ་བ་གཏིང་ཟབ་སྒོས་འཕེལ་རྒྱས་སུ་གཏོང་དགོས།

ཁྲིན་ཀང་གིས་བསྟན་དོན། ཏང་གི་ཚོགས་ཆེན་ཐེངས་བཅོ་བརྒྱད་པའི་ཚུན་དུ། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་སྐོར་ཞིབ་བྱ་བའི་ཐད་རྣམ་བཤད་གལ་ཆེན་རབ་དང་རིམ་པ་བཏོན་ནས། དུས་རབས་གསར་པ་དང་སྐྱོད་ལམ་གསར་པའི་སྐོར་ཞིབ་བྱ་བ་སྤུས་ཚད་མཐོན་པོས་འཕེལ་རྒྱས་སུ་གཏོང་ཆེད་མདུན་སྐྱོད་ཀྱི་ཁ་ཕྱོགས་གསལ་བོ་བསྟན་པ་དང་རྩ་བའི་གཞི་འཛིན་ས་འདོན་སྤྲོད་བྱས། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་ཏང་གི་རང་ངོས་གསར་བརྗེའི་སྐོར་གྱི་གསུང་བཤད་གལ་ཆེན་སློབ་སྦྱོང་དང་ལག་བསྟར་བྱེད་རྒྱུ་དེ་སྐོར་ཞིབ་བྱ་བའི་སྐོར་གྱི་རྣམ་བཤད་གལ་ཆེན་སློབ་སྦྱོང་དང་ལག་བསྟར་བྱེད་པ་དང་ཟུང་འབྲེལ་བྱེད་པ། སྐོར་ཞིབ་བྱ་བའི་ལོ་བཅུའི་འབད་འཐབ་ཀྱི་ཉམས་མྱོང་རྩ་ཆེན་སྤྱི་སྡོམ་བཀོལ་སྤྱོད་བྱེད་པ་དང་ཟུང་འབྲེལ་བྱེད་པ། ཀྲུང་གོ་གུང་ཁྲན་ཏང་གི་སྐོར་ཞིབ་བྱ་བའི་སྲོལ་ཡིག་གི་དགོངས་དོན་སྐོར་ཞིབ་སྐོར་གཟིགས་བྱ་བའི་གོ་རིམ་ཧྲིལ་བོ་དང་ཕྱོགས་སོ་སོར་ཁྱབ་པར་བྱས་ཏེ། སྐོར་ཞིབ་བྱ་བའི་ལམ་ལུགས་ཅན་དང་ཚད་ལྡན་ཅན་གྱི་ཆུ་ཚད་རྒྱུན་མ་ཆད་པར་མཐོར་འདེགས་སུ་གཏོང་དགོས།

ཁྲིན་ཀང་གིས་ནན་གྱིས་བསྟན་དོན། སྐོར་ཞིབ་བྱ་བའི་གནད་འགག་ནི་གནད་དོན་འཚོལ་བ་དང་གནད་དོན་ཐག་གཅོད་རྒྱུ་དེ་ཡིན་པས། ཏང་ཕྱོགས་ཡོངས་ནས་བཅོས་སྐྱོང་ནན་མོ་བྱེད་པའི་འཐབ་ཇུས་ཀྱི་མཐོ་ཚད་ནས། ཆབ་སྲིད་འཛུགས་སྐྲུན་གྱི་རྩ་བའི་གནས་དང་དབང་ཆ་འཁོར་རྒྱུག་གི་གནད་འགག་གནས། གནད་དོན་འབྱུང་སླ་བའི་ཉེན་ཁའི་གནས། སྤྱོད་ཚུལ་འཛུགས་སྐྲུན་གྱི་ཉམས་ཞན་གནས། མང་ཚོགས་ཀྱི་འདོད་བློའི་རྐང་འཛུགས་ས་བཅས་ལ་དམ་དུ་དམིགས་པ། སྲོལ་ཡིག་ཚད་གཞི་རུ་བྱེད་པ། གཟབ་ནན་གྱི་སྤྱིའི་དགོངས་གཞི་དང་གཟབ་ནན་གྱི་བྱེད་ཐབས། གཟབ་ནན་གྱི་སྣང་ཚུལ་མགོ་མཇུག་བར་གསུམ་དུ་རྒྱུན་འཁྱོངས་བྱས་ནས། དེང་རབས་ཅན་གྱི་མཚོ་སྔོན་གསར་བ་འཛུགས་སྐྲུན་ཐད་འགན་སྲུང་བརྟན་པོ་འདོན་སྤྲོད་བྱེད་དགོས། ཆབ་སྲིད་ཀྱི་ལྟ་སྐུལ་གཙིགས་སུ་འཛིན་པ་དང་། གཏན་ཕབ་གཉིས་ཀྱི་ཐག་གཅོད་རང་བཞིན་གྱི་དོན་སྙིང་ལ་རྒྱུས་ལོན་ཟབ་མོ་བྱེད་པ། སྲུང་སྐྱོང་གཉིས་བཟང་བོར་སྒྲུབ་པ། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་ཏང་ཕྱོགས་ཡོངས་ནས་བཅོས་སྐྱོང་ནན་མོ་བྱེད་པའི་སྐོར་གྱི་བླང་བྱ་གལ་ཆེན་གོ་གནས་དང་པོར་འཇོག་པ། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མཚོ་སྔོན་གྱི་བྱ་བའི་ཐད་ཀྱི་གསུང་བཤད་གལ་ཆེན་དང་མཆན་བཀོད་མཛུབ་སྟོན་གལ་ཆེན་གྱི་དགོངས་དོན་གོ་གནས་དང་པོར་འཇོག་པ། ཏང་ཀྲུང་དབྱང་གི་ཏང་ཕྱོགས་ཡོངས་ནས་བཅོས་སྐྱོང་ནན་མོ་བྱེད་པའི་འཐབ་ཇུས་བཀོད་སྒྲིག་གོ་གནས་དང་པོར་འཇོག་པ། ད་ལྟ་དངོས་སུ་སྤེལ་བཞིན་པའི་ཏང་གི་སྒྲིག་ཁྲིམས་སློབ་སྦྱོང་སློབ་གསོ་དང་ཟུང་འབྲེལ་བྱས་ཏེ། སྐོར་ཞིབ་སྐོར་གཟིགས་བྱ་བ་བྱེ་བྲག་ཅན་དང་ཚད་ལྡན་ཅན། རྒྱུན་རྣམ་ཅན་དུ་བསྒྱུར་བར་སྐུལ་འདེད་གཏོང་དགོས། གཙོ་གནད་ཁྱབ་ཁོངས་གཙིགས་སུ་འཛིན་པ་དང་། ད་ལྟ་སྤེལ་བཞིན་པའི་མང་ཚོགས་ཉེ་འགྲམ་གྱི་ཚུལ་མིན་སྤྱོད་ཚུལ་དང་རུལ་སུངས་གནད་དོན་གཅིག་བསྡུས་བཅོས་སྐྱོང་བྱེད་པ་དང་ཚད་ལྡན་བཟོ་སྐྲུན་འཛུགས་སྐྲུན་ཁྱབ་ཁོངས་ཀྱི་ཚོང་འགུག་དངུལ་འདྲེན་བྱ་བ་སོགས་ལ་ཟུང་འབྲེལ་བྱེད་པ། སྐོར་ཞིབ་ལྟ་ཞིབ་ཀྱི་ཚད་ལྡན་རང་བཞིན་དང་ཕན་འབྲས་རང་བཞིན་སྔར་ལས་ཇེ་མཐོར་བཏང་ནས། སྔར་ལས་གཟབ་ནན་གྱི་བརྡ་རྟགས་དྲག་པོ་རྒྱུན་མཐུད་ངང་ཕྱིར་སྟོན་དགོས། གནད་འགག་གྲངས་ཉུང་གཙིགས་སུ་འཛིན་པ་དང་། སྐོར་ཞིབ་བྱེད་སའི་ཏང་རྩ་འཛུགས་ཀྱི་འགན་ཁུར་བློ་མཐུན་གཙོ་བོའི་ལྟ་སྐུལ་ལ་ཤུགས་སྣོན་པ། སྐོར་ཐེངས་སྔོན་མ་བཞིའི་སྐོར་ཞིབ་བྱ་བའི་བྱེད་ཐབས་བཟང་བོར་སྦྲེལ་མཐུད་དང་དེ་བཀོལ་སྤྱོད་བྱས་ཏེ། རང་གཅུན་ནན་མོ་བྱེད་པ་དང་འགན་འཁྲི་ཕྲག་ཏུ་ལེན་པ། ཁོངས་གཏོགས་ས་ཆར་དོ་དམ་ནན་མོ་བྱེད་དགོས། གནོན་ཤུགས་བརྒྱུད་སྤྲོད་བྱེད་པ་གཙིགས་སུ་འཛིན་པ་དང་། ཁྲིམས་སྐྱོང་བསམ་བློ་དང་སྒྲིག་ལམ་འདུ་ཤེས་ཇེ་དྲག་ཏུ་གཏོང་བ། ལམ་ལུགས་མ་ལག་འཐུས་ཚང་དུ་གཏོང་བ། ལམ་ལུགས་ལག་བསྟར་ནན་མོ་བྱེད་པ། སྐོར་ཞིབ་བྱེད་སའི་ཏང་རྩ་འཛུགས་ཀྱིས་རང་སྡེ་ཁག་དང་རང་མ་ལག་གི་ཏང་ཕྱོགས་ཡོངས་ནས་བཅོས་སྐྱོང་ནན་མོ་བྱེད་པའི་བྱ་བའི་འགོ་ཁྲིད་ལ་ཤུགས་སྣོན་པར་སྐུལ་འདེད་གཏོང་བ། ཏང་གཤིས་ཏང་སྲོལ་དང་ཏང་གི་སྒྲིག་ཁྲིམས་མཉམ་འཛིན་བྱས་ནས། འགན་འཁྲི་ལག་བསྟར་བྱེད་པའི་ཆེས་མཐའ་མཇུག་གི་སྤྱི་ལེ་གཅིག་གི་གནད་དོན་ཐག་གཅོད་དགོས། དག་ཐེར་ལེགས་བཅོས་དང་མཐོར་འདེགས་གཙིགས་སུ་འཛིན་པ་དང་། དག་ཐེར་ལེགས་བཅོས་ཀྱི་འགན་འཁྲི་གཏན་ཁེལ་གསལ་བོ་བྱེད་པ། ཡང་དང་བསྐྱར་དུ་བྱུང་བའི་གནད་དོན་གྱི་རྒྱུ་རྐྱེན་ཟབ་མོར་དབྱེ་ཞིབ་ནན་མོ་བྱེད་པ། སྐོར་ཞིབ་ཀྱི་གྲུབ་འབྲས་དག་ཐེར་ལེགས་བཅོས་སྟེང་མངོན་པར་བྱེད་པ་དང་ལག་བསྟར་སྟེང་མངོན་པར་བྱེད་པ། འགྱུར་ལྡོག་གསར་བའི་སྟེང་མངོན་པར་བྱེད་དགོས།

ཁྲིན་ཀང་གིས་རྩ་འཛུགས་འགོ་ཁྲིད་དང་གཅིག་འདོམས་ཇུས་འགོད་ལ་ཤུགས་སྣོན་པ་དང་། སྐོར་ཞིབ་བྱེད་སའི་ཏང་རྩ་འཛུགས་ཀྱིས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་བླང་བྱ་གལ་ཆེན་ལག་བསྟར་བྱེད་པའི་ཐད་ཀྱི་འབུར་ཐོན་གནད་དོན་གཙོར་བཟུང་ནས་འཚོལ་ཞིབ་བྱེད་པ། སྐོར་ཞིབ་ལྟ་སྐུལ་དང་སྒྲིག་ཁྲིམས་ལྟ་སྐུལ། ལྟ་ཞིབ་ལྟ་སྐུལ། མངག་སྡོད་ལྟ་སྐུལ་སོགས་ཀྱི་སྦྲེལ་མཐུད་མཉམ་འབྲེལ་ལ་སྐུལ་འདེད་གཏོང་བ། ལྟ་སྐུལ་གཞན་པའི་མཐུན་སྦྱོར་མཉམ་ལས་ལ་ཤུགས་སྣོན་པ། འཐབ་རྩོད་ཀྱི་སྙིང་སྟོབས་དར་སྤེལ་གཏོང་བ། དངོས་ཐོག་བདེན་འཚོལ་རྒྱུན་འཁྱོངས་བྱེད་པ། ལས་བྱེད་པས་སྒྲུབ་དགོས་པ་དང་བསམ་ཕྱོགས་གསལ་དགོས་པ། རང་གཅུན་དམ་དགོས་པའི་བྱ་བའི་རེ་བ་དོན་འཁྱོལ་ནན་མོ་བྱས་ནས། སྤུས་ཚད་མཐོ་བའི་སྐོར་ཞིབ་ཞབས་ཞུ་ལ་བརྟེན་ནས་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་འགན་སྲུང་བྱེད་པ་དང་། ཏང་གི་མི་རིགས་ས་ཁུལ་གྱི་སྲིད་འཛིན་གཞི་རྩ་རྒྱུན་མ་ཆད་པར་ཇེ་བརྟན་དུ་གཏོང་དགོས་པའི་རེ་བ་བཏོན།

ཞིང་ཆེན་ཏང་ཨུའི་རྒྱུན་ལས་ཨུ་ཡོན། ཞིང་ཆེན་ཏང་ཨུའི་སྐོར་ཞིབ་བྱ་བའི་འགོ་ཁྲིད་ཚན་ཆུང་གི་ཚན་གཙོ་ལིའུ་མེ་ཕེན་གྱིས་གྲོས་ཚོགས་ལ་མགོ་འཛིན་བྱས་པར་མ་ཟད་ཀྲུང་དབྱང་སྐོར་ཞིབ་བྱ་བའི་འབྲེལ་ཡོད་དགོངས་དོན་བརྒྱུད་སྒྲོག་བྱས་པ་དང་། སྐབས་བཅུ་བཞི་པའི་ཞིང་ཆེན་ཏང་ཨུའི་སྐོར་ཞིབ་ཐེངས་ལྔ་པའི་ཚན་གཙོ་དང་ཚན་གཙོ་གཞོན་པར་འགན་དབང་སྟེར་བ་དང་ལས་འགན་བགོ་བའི་ཐག་གཅོད་ཁྱབ་བསྒྲགས་བྱས།

གྲོས་ཚོགས་བརྙན་རིས་ཀྱི་ལམ་ནས་བསྡུས། ཞིང་ཆེན་གྱི་འགོ་ཁྲིད་ཝང་ཝེ་ཏུང་དང་ཝུའུ་ལ་ཙི་པེ་ཁི་རེ་སུའུ་ལིས་ཧན། ཀྲུའུ་ཞང་ཧྥིན། ལོའུ་ཀང་བཅས་ཚོགས་ར་གཙོ་བོ་དང་ཡང་ན་ཡན་ལག་ཚོགས་ར་ནས་གྲོས་ཚོགས་ལ་ཞུགས།

རིན་ཆེན་མཚོས་བསྒྱུར།