ཞི་ཅིན་ཕིང་དང་ཐན་ཙན་ནི་ཡའི་ཙུང་ཐུང་ཧཱ་སང་གཉིས་ཀྱིས་རྒྱལ་ཁབ་གཉིས་བར་འབྲེལ་བ་བཙུགས་ནས་ལོ་དྲུག་ཅུ་འཁོར་བའི་ཐད་ཕན་ཚུན་ལ་རྟེན་འབྲེལ་ཞུ་བའི་གློག་འཕྲིན་བཏང་།
2024.04.27 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 0

ཟླ4པའི་ཚེས26ཉིན།  རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་དང་ཐན་ཙན་ནི་ཡའི་ཙུང་ཐུང་ཧཱ་སང་གཉིས་ཀྱིས་ཕན་ཚུན་ལ་རྟེན་འབྲེལ་ཞུ་བའི་གློག་འཕྲིན་བཏང་སྟེ་རྒྱལ་ཁབ་གཉིས་བར་འབྲེལ་བ་བཙུགས་ནས་ལོ་དྲུག་ཅུ་འཁོར་བར་རྟེན་འབྲེལ་ཞུས།

ཞི་ཅིན་ཕིང་གིས་ཀྲུང་གོ་དང་ཐན་ཙན་ནི་ཡའི་སྲོལ་རྒྱུན་མཛའ་མཐུན་དེ་རྒྱལ་ཁབ་གཉིས་ཀྱི་འགོ་ཁྲིད་རྒན་རབས་པ་རྣམས་ཀྱིས་བསྐྲུན་པ་ཡིན།  ཕན་ཚུན་བར་འབྲེལ་བ་བཙུགས་ནས་ལོ་དྲུག་ཅུ་འཁོར་བའི་རིང་ལ།  ཀྲུང་གོ་དང་ཐན་ཙན་ནི་ཡའི་འབྲེལ་བས་རྒྱལ་སྤྱིའི་འགྱུར་ལྡོག་སྣ་མང་གི་ཉམས་སད་ཐེག་ལ།   འབྲེལ་བ་བཙུགས་པའི་ལོ་རྒྱུས་རིང་ཞིང་བརྟན་པོ་ཡིན།   ཉེ་བའི་ལོ་འགའི་རིང་ལ།  རྒྱལ་ཁབ་གཉིས་ཀྱི་ཆབ་སྲིད་ཡིད་རྟོན་རྒྱུན་ཆད་མེད་པར་སྲ་བརྟན་དུ་གྱུར་པ་དང་ཁྱབ་ཁོངས་སོ་སོའི་མཉམ་ལས་ཐད་གྲུབ་འབྲས་གཡུར་དུ་ཟ་བ་བླངས་ཏེ་འཕེལ་རྒྱས་སུ་འགྲོ་བཞིན་པའི་རྒྱལ་ཁབ་བར་གྱི་མཉམ་ལས་ཀྱི་དཔེ་མཚོན་དུ་གྱུར་ཡོད།    ལོ་རྒྱུས་ཀྱི་འགོ་རྩོམ་ས་གསར་པའི་སྟེང་འགྲེང་སྟེ། ངས་ལྕམ་ཙུང་ཐུང་དང་མཉམ་དུ་འབད་འཐབ་བྱས་ཏེ་ཀྲུང་གོ་དང་ཐན་ཙན་ནི་ཡའི་སྲོལ་རྒྱུན་མཛའ་མཐུན་རྒྱུན་ཆད་མེད་པར་སྲ་བརྟན་དུ་གཏོང་བ་དང་།  ཀྲུང་གོ་དང་ཐན་ཙན་ནི་ཡ་རྒྱལ་ཁབ་གཉིས་ཀ་འཕེལ་རྒྱས་དར་རྒྱས་ཡོང་བའི་ཐུན་མོང་གི་ཕུགས་འདུན་དང་རྒྱུད་གཅིག་ལམ་གཅིག་མཉམ་འཛུགས་བྱེད་པའི་འཆར་འགོད་དེ་དངོས་ཡོད་དུ་འགྱུར་བར་བྱེད་པ།   རྒྱལ་ཁབ་གཉིས་ཀྱི་ཕྱོགས་ཡོངས་ཀྱི་འཐབ་ཇུས་མཉམ་ལས་གྲོགས་པོའི་འབྲེལ་བའི་ནང་དོན་ཕུན་སུམ་ཇེ་ཚོགས་སུ་གཏོང་བ་བཅས་བྱས་ནས་ཆུ་ཚད་མཐོ་བའི་ཀྲུང་གོ་དང་ཨ་ཧྥེ་རི་ཁའི་ལས་སྐལ་གཅིག་མཐུན་ཚོགས་པ་འཛུགས་པར་བྱས་རྗེས་ཆེན་པོ་འཇོག་འདོད་ཡོད་ཅེས་བསྟན།

ཧཱ་སང་གིས་ཐན་ཙན་ནི་ཡ་དང་ཀྲུང་གོའི་བར་འབྲེལ་བ་བཙུགས་ནས་ལོ་དྲུག་ཅུ་འཁོར་བའི་རིང་ལ།  རྒྱལ་ཁབ་གཉིས་ཀྱི་མཐུན་སྒྲིལ་མཛའ་མཐུན་དང་ཟོལ་མེད་མཉམ་ལས་རྒྱུན་ཆད་མེད་པར་ཇེ་ཟབ་ཏུ་སོང་བ་དང་།  ཕྱོགས་གཉིས་ཀྱིས་ཕན་ཚུན་གྱི་བདག་དབང་དང་མངའ་ཁོངས་ཆ་ཚང་ཐད་ཕན་ཚུན་བརྩི་འཇོག་བྱས་ལ། ཕྱོགས་གཉིས་ཀྱི་ཕྱོགས་མང་ལས་དོན་ཁྲོད་ཕན་ཚུན་རྒྱབ་སྐྱོར་བྱས།   ཐན་ཙན་ནི་ཡ་ཕྱོགས་ཀྱིས་ཀྲུང་གོས་དུས་རབས་བརྒལ་བའི་དཔལ་འབྱོར་སྤྱི་ཚོགས་འཕེལ་རྒྱས་ཀྱི་གྲུབ་འབྲས་བླངས་པར་ཡིད་སྨོན་བྱེད་བཞིན་ཡོད་ལ།  ཀྲུང་གོས་འཕེལ་རྒྱས་ཁྱབ་ཁོངས་སུ་རྒྱབ་སྐྱོར་ཆེན་པོ་བྱས་པར་བཀའ་དྲིན་ཞུ་བཞིན་ཡོད།    བློ་བརྟན་འགྱུར་མེད་ངང་རྒྱུད་གཅིག་ལམ་གཅིག་མཉམ་འཛུགས་ཀྱི་གྲོས་འགོ་དང་འཛམ་གླིང་ཧྲིལ་བོའི་འཕེལ་རྒྱས་གྲོས་འགོ་སོགས་འགྲོ་འགོ་གལ་ཆེན་ལ་རྒྱབ་སྐྱོར་བྱས་ཏེ་ཐན་ཙན་ནི་ཡ་དང་ཀྲུང་གོའི་བར་གྱི་ཕྱོགས་ཡོངས་ཀྱི་འཐབ་ཇུས་གྲོགས་པོའི་འབྲེལ་བ་ཇེ་དྲག་ཏུ་གཏོང་ངེས་ཡིན་ཞེས་བསྟན།

ལྷ་མོ་ཚེ་རིང་གིས་བསྒྱུར།