རྒྱལ་ཡོངས་སྲིད་གྲོས་ཀྱིས་ཚེས26ཉིན་པེ་ཅིང་དུ་རྒྱང་བསྟེན་གྲོས་མོལ་ཚོགས་འདུ་བསྡུས་པ་དང་། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་རྒྱུན་ལས་ཨུ་ཡོན། རྒྱལ་ཡོངས་སྲིད་གྲོས་ཀྱི་ཀྲུའུ་ཞི་ཝང་ཧུའུ་ཉིང་གིས་གྲོས་ཚོགས་ལ་མགོ་འཛིན་མཛད། ཁོང་གིས་ཏང་གི་ཚོགས་ཆེན་ཐེངས་བཅོ་བརྒྱད་པའི་ཚུན་ལ། བློ་མཐུན་ཞི་ཅིན་ཕིང་སྲོག་ཤིང་ཡིན་པའི་ཀྲུང་གུང་ཀྲུང་དབྱང་གིས་སྐོར་གསར་པའི་ཚན་རྩལ་གསར་བརྗེ་དང་ཐོན་ལས་འཕོ་འགྱུར་གྱི་གནས་བབ་ལ་རྒྱུས་ལོན་ཡང་དག་བྱས་ཏེ་རབས་གསར་པའི་མིས་བཟོས་རིག་ནུས་དེ་ཚན་རྩལ་ཐོད་བརྒལ་འཕེལ་རྒྱས་དང་ཐོན་ལས་ལེགས་སྒྱུར་རིམ་སྤོར། ཐོན་སྐྱེད་ནུས་ཤུགས་ཕྱོགས་ཡོངས་ནས་མཐོར་འདེགས་བཅས་ལ་སྐུལ་འདེད་གཏོང་བའི་སྒུལ་ཤུགས་སུ་བརྩིས་ནས་རང་རྒྱལ་གྱི་མིས་བཟོས་རིག་ནུས་ཚན་རྩལ་གསར་གཏོད་ཐད་ཐོད་བརྒལ་གསར་པ་མངོན་འགྱུར་བྱེད་པ་དང་མིས་བཟོས་རིག་ནུས་ཐོན་ལས་མགྱོགས་མྱུར་སྒོས་འཕེལ་རྒྱས་འགྲོ་བ། དེང་རབས་ཐོན་ལས་དང་མཉམ་བསྲེས་བེད་སྤྱོད་དང་རྒྱ་བསྐྱེད་ཟབ་མོ་གཏོང་བར་སྐུལ་འདེད་བཏང་སྟེ་ཐོན་སྐྱེད་ནུས་ཤུགས་གསར་མ་གསོ་སྐྱོང་དང་དེང་རབས་ཅན་གྱི་ཐོན་ལས་མ་ལག་འཛུགས་སྐྲུན། སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ་བཅས་ཀྱི་ཐད་གོམ་སྟབས་བརྟན་པོ་སྤོས། མི་དམངས་སྲིད་གྲོས་ཀྱིས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མིས་བཟོས་རིག་ནུས་འཕེལ་རྒྱས་གཏོང་བའི་ཐད་ཀྱི་རྒྱས་བཤད་གལ་ཆེན་དང་ཀྲུང་གུང་ཀྲུང་དབྱང་གི་ཇུས་ཆོད་བཀོད་སྒྲིག་ལ་སློབ་སྦྱོང་དང་རྒྱུས་ལོན་ཟབ་མོ་བྱེད་པ་དང་གྲོས་མོལ་སྲིད་གླེང་གི་ཁ་ཕྱོགས་དང་གཙོ་གནད། རྐང་འཛུགས་ས་བཅས་ལ་རྒྱུས་ལོན་ཡང་དག་བྱས་ཏེ་བློ་འདོན་ཇུས་འབུལ་གྱི་དམིགས་སའི་རང་བཞིན་དང་དངོས་ཕན་རང་བཞིན་ཇེ་དྲག་ཏུ་གཏོང་དགོས་ཞེས་བསྟན།
ཝང་ཧུའུ་ཉིང་གིས་རྒྱ་ཆེའི་སྲིད་གྲོས་ཨུ་ཡོན་རྣམས་ཀྱིས་རང་རྒྱལ་གྱི་མིས་བཟོས་རིག་ནུས་འཕེལ་རྒྱས་བེད་སྤྱོད་ཀྱི་འཕེལ་རིམ་གྱི་རྗེས་བསྙེག་སྟེ། མིས་བཟོས་རིག་ནུས་ཁྱབ་ཁོངས་ཀྱི་རྨང་གཞིའི་ཞིབ་འཇུག་དང་ཐོག་མའི་གསར་གཏོད། མིས་བཟོས་རིག་ནུས་དང་ཐོན་ལས་འཕེལ་རྒྱས་མཉམ་འདྲེས་ཟབ་མོ་བྱེད་པ། མིས་བཟོས་རིག་ནུས་དེ་དམངས་ཚིས་འགན་སྲུང་དང་སྤྱི་ཚོགས་བཅོས་སྐྱོང་སོགས་ཁྱབ་ཁོངས་སུ་བེད་སྤྱོད་ཟབ་མོ་བྱེད་པ། མིས་བཟོས་རིག་ནུས་བཅོས་སྐྱོང་དང་རྒྱལ་སྤྱིའི་མཉམ་ལས་སོགས་ཕྱོགས་ཀྱི་གནད་དོན་གལ་ཆེན་ལ་ཞིབ་འཇུག་གཏིང་ཟབ་བྱེད་པར་སྐུལ་འདེད་གཏོང་དགོས་པ་དང་། ཧུར་ཐག་གིས་དམིགས་སའི་རང་བཞིན་དང་བཀོལ་སྤྱོད་རང་བཞིན་གྱི་སྲིད་ཇུས་དང་བྱེད་ཐབས་བཏོན་ནས། མིས་བཟོས་རིག་ནུས་ཀྱིས་དེང་རབས་ཅན་གྱི་ཐོན་ལས་མ་ལག་འཛུགས་སྐྲུན་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྒུལ་ནུས་བསྩོལ་བ་དང་། མི་དམངས་ཀྱི་མཛེས་སྡུག་འཚོ་བ་གསར་སྐྲུན་དང་དེར་ཞབས་འདེགས་ཞུ་བར་རོགས་འདེགས་བྱེད་དགོས། ཨུ་ཡོན་འགན་སྒྲུབ་ཀྱིས་དམངས་ཀྱི་ཆེད་དུ་ཞབས་འདེགས་ཞུ་བ་དང་གཞི་རིམ་དུ་བསྐྱོད་པ་གསུམ་གྱི་བྱ་འགུལ་སྤེལ་བ་སོགས་ཟུང་འབྲེལ་བྱེད་པ་དང་། ཨུ་ཡོན་གྱི་ཚན་རིག་སློབ་ཁྲིད་སོགས་སྟེགས་བུ་བཀོལ་སྤྱོད་བཟང་བོ་བྱེད་པ། དུས་རབས་གསར་པའི་རང་རྒྱལ་གྱི་མིས་བཟོས་རིག་ནུས་འཕེལ་རྒྱས་དང་བཀོལ་སྤྱོད་ཐད་བླངས་པའི་གྲུབ་འབྲས་རྒྱ་ཆེར་དྲིལ་སྒྲོག་བྱེད་པ་བཅས་བྱས་ཏེ་སྤྱི་ཚོགས་ཡོངས་ཀྱི་གསར་གཏོད་ཀྱི་བརྩོན་སེམས་དང་གསར་སྐྲུན་གྱི་གསོན་ཤུགས་ཇེ་དྲག་ཏུ་གཏོང་དགོས་ཞེས་བསྟན།
རྒྱལ་ཡོངས་སྲིད་གྲོས་ཀྱི་ཨུ་ཡོན་ཝང་ཀྲི་ཀང་དང་ལིས་མིན། ཀྲུའུ་སུང་ཁྲུན། ཀྲོའུ་ཧུང་དབྱི། ཝང་ཅན། ཆན་ཧྥིན། མཱ་ཅུན་ཧྲིན། སུན་ཀྲི་ཆང་བཅས་དང་ཆེད་མཁས་པ་ལིའུ་ཆེན་ཧྥིན་དང་ཀྲུའུ་ལེ་བཅས་ཀྱིས་སོ་སོར་རྒྱལ་ཡོངས་སྲིད་གྲོས་ལས་ཁུངས་དང་ཧྲང་ཧེ། ཀྲེ་ཅང་། ཨན་ཧུའེ་བཅས་ཀྱི་ཚོགས་ར་དང་དེ་མིན་པེ་ཅིང་དང་ཀོང་ཏུང་སོགས་ས་ཁུལ་དུ། བརྙན་རིས་སྦྲེལ་མཐུད་སོགས་ཀྱི་བྱེད་ཐབས་བརྒྱུད་དེ་གཏམ་བཤད། ཚང་མས་བལྟས་ན། སྔོན་མཐོང་ཁྲིད་སྟོན་རང་བཞིན་གྱི་ཞིབ་འཇུག་ཇེ་དྲག་ཏུ་གཏོང་བ་དང་། རང་བདག་ཚོད་འཛིན་ཐུབ་པའི་ལག་རྩལ་གསར་གཏོད་ལ་ཤུགས་སྣོན་པ། མིས་བཟོས་རིག་ནུས་ཀྱི་སྣ་མང་བཀོལ་སྤྱོད་འཚོལ་ཞིབ་བྱེད་པ། ཐོན་ལས་ཅན་སོགས་ཀྱི་དཔེ་དབྱིབས་ཆེན་པོ་འཕེལ་རྒྱས་བཏང་སྟེ་ཆུ་ཚད་མཐོ་བའི་གཞི་ཁྱོན་ཅན་གྱི་བཀོལ་སྤྱོད་ཀྱིས་མིས་བཟོས་རིག་ནུས་ཀྱི་མཉམ་བསྲེས་འཕེལ་རྒྱས་ལ་སྐུལ་ཁྲིད་བྱེད་དགོས། གཞི་གྲངས་དང་རྩིས་ནུས་རྒྱུ་རྐྱེན་གྱི་མཉམ་སྤྱོད་ལེགས་སྒྲིག་ལ་ཤུགས་བསྣན་ནས་མིས་བཟོས་རིག་ནུས་ཀྱིས་བཟོ་ལས་ཅན་གསར་པར་སྒུལ་ཤུགས་གསར་པ་སྣོན་དགོས། མིས་བཟོས་རིག་ནུས་གསར་གཏོད་ལ་སྐུལ་མ་གཏོང་བའི་སྲིད་ཇུས་དང་ཆེད་ལས་གཙོ་བོའི་ཚད་གཞི་དང་བདེ་འཇགས་ཚད་ལྡན་མ་ལག་འཐུས་ཚང་དུ་བཏང་ནས་དེང་རབས་ཅན་གྱི་ཐོན་ལས་མ་ལག་སྤུས་ཚད་མཐོན་པོས་འཕེལ་རྒྱས་སུ་གཏོང་དགོས་ཟེར།
ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་ཨུ་ཡོན། རྒྱལ་ཡོངས་སྲིད་གྲོས་ཀྱི་ཀྲུའུ་ཞི་གཞོན་པ་ཧྲི་ཐའེ་ཧྥིན་དང་། རྒྱལ་ཡོངས་སྲིད་གྲོས་ཀྱི་ཀྲུའུ་ཞི་གཞོན་པ་ཧུའུ་ཁྲུན་ཧྭ་དང་ཧྲའོ་ཧུང་། ཀྲུའུ་ཡུང་ཧྥིན་བཅས་གྲོས་ཚོགས་ལ་ཞུགས། རྒྱལ་ཁབ་འཕེལ་རྒྱས་བཅོས་སྒྱུར་ཨུ་ཡོན་ལྷན་ཁང་དང་ཚན་རྩལ་པུའུ། བཟོ་ལས་དང་ཆ་འཕྲིན་ཅན་པུའུ་སོགས་ཀྱི་འགན་ཁུར་བློ་མཐུན་གྱིས་འབྲེལ་ཡོད་གནས་ཚུལ་མཚམས་སྦྱོར་བྱས་པར་མ་ཟད། སྲིད་གྲོས་ཨུ་ཡོན་དང་གྲོས་མོལ་བརྗེ་རེས་བྱས།
ལྷ་མོ་ཚེ་རིང་གིས་བསྒྱུར།