ཞིང་ཆེན་ཏང་ཨུའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གིས་གྲོས་ཚོགས་བསྡུས།
2024.04.27 ཁུངས། མཚོ་སྔོན་གསར་འགྱུར་དྲ་བ། ཀློག་གྲངས། 0

ཟླ4པའི་ཚེས26ཉིན། ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི་ཁྲིན་ཀང་གིས་མགོ་འཛིན་བྱས་ཏེ་ཞིང་ཆེན་ཏང་ཨུའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་གྲོས་ཚོགས་བསྡུས་ནས། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་དུས་རབས་གསར་པར་ནུབ་རྒྱུད་གསར་སྤེལ་ཆེན་མོར་སྐུལ་འདེད་གཏོང་བའི་བཞུགས་མོལ་ཚོགས་འདུའི་སྟེང་གི་གསུང་བཤད་གལ་ཆེན་གྱི་དགོངས་དོན་བརྒྱུད་སྒྲོག་སློབ་སྦྱོང་བྱས་པ་དང་། དུས་ཚིགས་དང་པོའི་ཞིང་ཆེན་ཡོངས་ཀྱི་དཔལ་འབྱོར་འཁོར་སྐྱོད་གནས་ཚུལ་ལ་དབྱེ་ཞིབ་དང་གོམ་རིམ་རྗེས་མའི་བྱ་བར་ཞིབ་འཇུག་དང་བཀོད་སྒྲིག་བྱས།

གྲོས་ཚོགས་སྟེང་བསྟན་དོན། ད་ལོ་ནི་ཏང་ཀྲུང་དབྱང་གིས་དུས་རབས་གསར་པར་ནུབ་རྒྱུད་གསར་སྤེལ་ཆེན་མོར་སྐུལ་འདེད་བཏང་ནས་རྣམ་པ་གསར་པ་ཆགས་པར་བྱེད་པའི་ཐད་བཀོད་སྒྲིག་བྱས་ནས་ལོ་ལྔ་འགོར་བའི་ལོ་ཡིན་ལ། གནད་འགག་གི་དུས་མཚམས་འདིར་དུས་རབས་གསར་པར་ནུབ་རྒྱུད་གསར་སྤེལ་ཆེན་མོར་སྐུལ་འདེད་གཏོང་བའི་བཞུགས་མོལ་ཚོགས་འདུ་བསྡུས་པར་ལམ་ཚད་རྡོ་རིང་ལྟ་བུའི་དོན་སྙིང་གལ་ཆེན་ལྡན། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་བཞུགས་མོལ་ཚོགས་འདུའི་སྟེང་གི་གསུང་བཤད་གལ་ཆེན་དེས་ཆེ་ཕྱོགས་དང་འཐབ་ཇུས་ཀྱི་མཐོ་ཚད་ནས་དུས་རབས་གསར་པ་དང་སྐྱོད་ལམ་གསར་པའི་སྟེང་ནུབ་རྒྱུད་གསར་སྤེལ་ཆེན་མོར་སྐུལ་འདེད་གཏོང་བའི་ཇུས་གཞི་གསར་པ་འབྲི་བཞེངས་བྱས་ཡོད་ལ། བསམ་བློའི་རང་བཞིན་དང་སྔོན་དཔག་རང་བཞིན། མཛུབ་ཁྲིད་རང་བཞིན། ལག་ལེན་རང་བཞིན་བཅས་ངེས་ཅན་ལྡན་པར་མ་ཟད། སྔར་ལས་མཐོ་བའི་མགོ་རྩོམ་སའི་སྟེང་ས་ཁོངས་ཀྱི་མཐུན་སྦྱོར་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ་དང་། ཕྱོགས་ཡོངས་ནས་དེང་རབས་ཅན་གྱི་འཛུགས་སྐྲུན་ལ་ཡར་སྐུལ་བྱེད་པར་མདུན་སྐྱོད་ཀྱི་ཁ་ཕྱོགས་གསལ་སྟོན་དང་གཞི་རྩའི་བསྲུང་བྱ་འདོན་སྤྲོད་བྱས་ཡོད།

གྲོས་ཚོགས་སྟེང་ནན་གྱིས་བསྟན་དོན། ནན་ཏན་གྱིས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་གྱི་དགོངས་དོན་ལ་སློབ་སྦྱོང་དང་གོ་བ་ཟབ་མོ་བླངས་ཤིང་། ཕྱོགས་ཡོངས་ནས་ཏང་གི་ཚོགས་ཆེན་ཐེངས་ཉི་ཤུ་པའི་དགོངས་དོན་ལག་ལེན་དངོས་འབེབས་བྱེད་པ་དང་། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མཚོ་སྔོན་གྱི་བྱ་བའི་ཐད་ཀྱི་རེ་བ་གལ་ཆེན་དང་ཟུང་འབྲེལ་དམ་ཟབ་བྱས་ཏེ། རང་རྟོགས་སྒོས་མཚོ་སྔོན་གྱི་འཕེལ་རྒྱས་དེ་རྒྱལ་ཡོངས་འཕེལ་རྒྱས་ཀྱི་ཆེ་ཕྱོགས་དང་ནུབ་རྒྱུད་གསར་སྤེལ་ཆེན་མོའི་ཆེ་ཕྱོགས་ཁྲོད་བཞག་ནས་བསམ་བློ་གཏོང་བ་དང་འཆར་འགོད་བྱས་ནས། ཁྱད་སྟོབས་འདོན་སྤེལ་དང་གཙོ་རྒོལ་ཁ་ཕྱོགས་གསལ་སྟོན་སྒོས་སྲུང་སྐྱོབ་ཆེན་མོ་དང་སྒོ་འབྱེད་ཆེན་མོ། སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་རྣམ་པ་གསར་པ་བཅས་མྱུར་དུ་ཆགས་པར་བྱེད་དགོས། སྲུང་སྐྱོབ་ཆེན་མོའི་ཐད་ནས་མདུན་དུ་སྐྱོད་དགོས་པ་དང་། གནད་དོན་གྱི་ཁྲིད་ཕྱོགས་རྒྱུན་འཁྱོངས་དང་སྐྱེ་ཁམས་གཙོར་འཛིན། ལྷད་མེད་འཕེལ་རྒྱས་རྒྱུན་འཁྱོངས་བྱེད་པ། ཐཱན་གཉིས་དམིགས་འབེན་ལག་ལེན་བཟང་བོ་བྱས་ཏེ་རྒྱལ་ཁབ་ཀྱི་སྐྱེ་ཁམས་བདེ་འཇགས་ཀྱི་འགོག་ར་སྲ་བརྟན་དུ་གཏོང་དགོས། སྒོ་འབྱེད་ཐད་བྱ་བ་མང་དུ་སྒྲུབ་པ་དང་། རྒྱུད་གཅིག་ལམ་གཅིག་མཉམ་འཛུགས་དང་ནུབ་རྒྱུད་ཀྱི་སྐམ་མཚོའི་རྒྱུ་ལམ་གསར་པར་གཏིང་ཟབ་ཏུ་འདྲེས་པར་བྱས་ནས། ལན་གྲུ་དང་ཟི་ལིང་གི་གྲོང་ཁྱེར་ཚོགས་ཀྱི་འཛུགས་སྐྲུན་དང་། ཟི་ལིང་དང་མཚོ་ཤར་གྱི་གྲོང་ཁྱེར་ར་བའི་གཞི་གཅིག་ཅན་གྱི་འཕེལ་རྒྱས་ལ་མྱུར་མོར་སྐུལ་འདེད་བཏང་སྟེ་རང་ཞིང་གི་ཕྱི་ནང་གི་སྒོ་འབྱེད་ཆུ་ཚད་མཐོར་འདེགས་སུ་བཏང་ནས་འཕེལ་རྒྱས་ཀྱི་སྒུལ་ཤུགས་དང་གསོན་ཤུགས་ཇེ་དྲག་ཏུ་གཏོང་དགོས། སྤུས་ཚད་མཐོ་བའི་འཕེལ་རྒྱས་ཐད་ཤུགས་བསྣན་ཏེ། ས་གནས་ཀྱི་ཁྱད་ཆོས་ལྡན་པའི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་ལམ་དུ་ཞུགས་པ་དམིགས་འབེན་དུ་བྱས་ཤིང་། བསྟུད་མར་ཐོན་ལས་ཀྱི་གནས་བཞི་འཛུགས་སྐྲུན་བྱེད་པར་སྐུལ་འདེད་གཏོང་བ་དང་། ཤུགས་ཆེན་པོས་ཁྱད་ལྡན་ཐོན་ལས་འཕེལ་རྒྱས་སུ་གཏོང་བ། ཐོན་ལས་ཚུལ་སྒྱུར་རིམ་སྤོར་ལ་སྐུལ་འདེད་བཏང་ནས། ཡུལ་བབ་དང་བསྟུན་ནས་ཐོན་སྐྱེད་ནུས་ཤུགས་གསར་མ་འཕེལ་རྒྱས་སུ་བཏང་སྟེ། ལྷད་མེད་རྩིས་ནུས་ཐོན་ལས་དེ་མཚོ་སྔོན་གྱི་དཔལ་འབྱོར་དང་སྤྱི་ཚོགས་ཀྱི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་སྒུལ་ཤུགས་གསར་པར་འགྱུར་དུ་འཇུག་དགོས། འཕེལ་རྒྱས་དང་བདེ་འཇགས་ལ་གཅིག་འདོམས་བྱེད་པའི་ཐད་ནས་དངོས་ཐབས་སྤྱད་དེ། ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པའི་འདུས་ཤེས་སྲ་བརྟན་དུ་གཏོང་བ་དེ་འཕེལ་རྒྱས་ཀྱི་བརྒྱུད་རིམ་ཧྲིལ་བོ་དང་ཕྱོགས་སོ་སོར་ཁྱབ་པར་བྱས་ཏེ། སྤྱི་ཚོགས་བརྟན་འཇགས་དང་གཞི་རིམ་བཅོས་སྐྱོང་བྱ་བ་བཟང་བོར་སྒྲུབ་དགོས།

གྲོས་ཚོགས་སྟེང་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཁྲུང་ཆིན་དུ་གཟིགས་ཞིབ་མཛད་སྐབས་དང་། སྐམ་དམག་དམག་དོན་གསོ་རིག་སློབ་ཆེན་དུ་གཟིགས་ཞིབ་མཛད་སྐབས་གནང་བའི་གསུང་བཤད་གལ་ཆེན་གྱི་མཛུབ་སྟོན་དགོངས་དོན་བརྒྱུད་སྒྲོག་བྱས། གྲོས་ཚོགས་སྟེང་དོན་དངོས་ལ་ཟུང་འབྲེལ་བྱས་ནས་ཕྱོགས་ཡོངས་ནས་སློབ་སྦྱོང་དང་གོ་བ་ཟབ་མོ་ལོན་པར་བྱེད་པ་དང་། ཏང་གི་སྒྲིག་ཁྲིམས་ཀྱི་སློབ་སྦྱོང་སློབ་གསོར་གཏིང་ཟབ་ཏུ་སྐུལ་འདེད་གཏོང་བ། ཟོལ་མེད་ཀྱིས་དམངས་ཚིས་གནད་དོན་གཙོ་བོ་ཐག་གཅོད་བཟང་བོ་བྱེད་པ། མཐོ་སྒང་གི་རྒྱལ་སྲུང་འཛུགས་སྐྲུན་ལ་རྐང་བཙུགས་ནས་དམག་དཔུང་གི་འཕྲོད་བསྟེན་མཁོ་སྒྲུབ་འགན་སྲུང་ཐད་བྱས་རྗེས་འཇོག་དགོས་ཞེས་ནན་གྱིས་བསྟན།

གྲོས་ཚོགས་སྟེང་བལྟས་ན། ད་ལོར། ཞིང་ཆེན་ཡོངས་ཀྱི་གོང་འོག་ཚང་མས་ཞིང་ཆེན་ཏང་ཨུའི་སྐབས་བཅུ་བཞི་པའི་ཚང་འཛོམས་གྲོས་ཚོགས་ཐེངས་ལྔ་པ་དང་ཞིང་ཆེན་ཡོངས་ཀྱི་ཚོགས་ཆེན་གཉིས་ཀྱི་བཀོད་སྒྲིག་ལྟར། བརྟན་ཐོག་ཡར་འཕེལ་དང་བརྟན་འཇགས་ཡར་སྐུལ། སྔོན་འཛུགས་རྗེས་གཏོར་བཅས་རྒྱུན་འཁྱོངས་བྱས་ཏེ། ཆེ་མཐོང་ཚོད་འཛིན་སྙོམས་སྒྲིག་ཤུགས་ཚད་ཇེ་ཆེར་བཏང་བ་དང་། སྔོན་དཔག་བརྟན་པ་དང་འཕར་སྣོན་བརྟན་པ། ལས་ཞུགས་བརྟན་པ་བཅས་ཀྱི་བྱ་བ་བཟང་བོར་སྒྲུབ་པ་དེ་འབུར་ཐོན་དུ་བྱས་ནས། མཁོ་འདོན་བརྟན་པོའི་ངང་རྒྱ་བསྐྱེད་པ་དང་དགོས་མཁོ་རྒྱུན་མཐུད་ངང་སླར་གསོ་བྱེད་པ། ལས་ཞུགས་དང་དངོས་གོང་བརྟན་འཇགས་ཡོང་བར་བྱེད་པ། བྱེད་ནུས་གསར་པས་འཚར་ལོངས་ལ་སྐུལ་བ་དང་། སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་གྲུབ་འབྲས་གསར་པ་ཐོབ་པར་བྱས་ནས། ཞིང་ཆེན་ཡོངས་ཀྱི་དཔལ་འབྱོར་བསྟུད་མར་སླར་གསོ་བྱུང་ནས་ཇེ་རྒྱས་ཇེ་ལེགས་སུ་གཏོང་དགོས་པར་འདོད། གྲོས་ཚོགས་སྟེང་ཀྲུང་དབྱང་དཔལ་འབྱོར་བྱ་བའི་གྲོས་ཚོགས་ཀྱི་དགོངས་དོན་ལག་ལེན་དངོས་འབེབས་བྱས་ཤིང་། རྩོད་སྒྲུབ་ལྟ་བས་འཕར་ཚད་དང་འཕེལ་རྒྱས་ཀྱི་འབྲེལ་བར་ལྟ་སྟངས་ཡང་དག་འཛིན་པ་དང་། འཐབ་ཇུས་ངེས་ཤུགས་སྲུང་འཛིན་བྱས་ནས། ཆུ་ཚད་མཐོ་བའི་སྲུང་སྐྱོབ་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བར་གཅིག་འདོམས་བྱེད་དགོས། ཡུན་རིང་བྱས་རྗེས་འཇོག་པ་དང་ཐོན་ལས་ཀྱི་གནས་བཞི་མྱུར་དུ་འཛུགས་སྐྲུན་བྱེད་དགོས་ལ། སྤྱོད་ཚུལ་འཛུགས་སྐྲུན་ཐད་ནས་བླངས་པའི་གྲུབ་འབྲས་དེ་དཔལ་འབྱོར་དང་སྤྱི་ཚོགས་ཀྱི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་སྒུལ་ཤུགས་ཆེན་པོར་འགྱུར་བར་བྱས་ཏེ། བསྟུད་མར་དཔལ་འབྱོར་གྱི་སྤུས་ཚད་ཕན་ནུས་ལྡན་པར་མཐོར་འདེགས་བྱེད་པ་དང་ལུགས་མཐུན་གྱིས་འཕར་སྣོན་འབྱུང་བར་སྐུལ་འདེད་གཏོང་དགོས་ཞེས་ནན་གྱིས་བསྟན།

གྲོས་ཚོགས་སྟེང་སྐོར་ཐེངས་གསུམ་པའི་ཀྲུང་དབྱང་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ་ལྟ་ཞིབ་གནད་དོན་གྱི་ལེགས་སྒྱུར་དང་འབྲེལ་ཡོད་བྱ་བ་ལག་ལེན་དངོས་འབེབས་བྱེད་པར་ཞིབ་འཇུག་བྱས། གྲོས་ཚོགས་སྟེང་བསྟན་དོན། ལྟ་ཞིབ་ལེགས་སྒྱུར་ནི་ཆབ་སྲིད་འགན་འཁྲི་ཡིན་ཞིང་། འཐབ་རྩོད་སྙིང་སྟོབས་ཇེ་དྲག་ཏུ་གཏོང་དགོས་ལ། འགན་འཁྲི་ཁུར་དུ་ལེན་པ་དང་འགུལ་སྐྱོད་མྱུར་དུ་སྤེལ་ནས། འགན་འཁྲི་གསལ་ཁྲ་དང་ལེགས་བཅོས་ཀྱི་ཡུན་ཚད་གཞིར་བཟུང་ནས་གོ་རིམ་ལྡན་པར་སྐུལ་འདེད་བཏང་སྟེ། ཏང་ཀྲུང་དབྱང་གིས་ཁས་ལེན་བྱེད་པ་དང་མི་དམངས་ཡིད་ཚིམ་པའི་ལེགས་བཅོས་རྒྱུགས་ལན་སྤྲོད་པར་འགན་སྲུང་བྱེད་དགོས་པ་དང་། ཟོལ་མེད་ཀྱིས་བཅའ་ཁྲིམས་སྲོལ་ཡིག་གི་ཚད་བཀག་ནུས་པ་འདོན་སྤེལ་གང་ལེགས་བྱེད་པ་དང་། སྔ་མོ་ནས་གནད་དོན་ཆུང་བར་རྐང་འཛུགས་པ་དང་ཁག་ཁུར་ལ་རྐང་འཛུགས་པ། གནད་དོན་ཐག་གཅོད་བྱེད་པར་རྐང་བཙུགས་ནས། རྒྱུན་རྣམ་ཅན་གྱི་ལྟ་རྟོག་དོ་དམ་དང་འགན་འཁྲི་རྩད་གཅོད་ལ་ཤུགས་སྣོན་དགོས་པ་དང་། དངོས་ཐོག་བདེན་འཚོལ་རྒྱུན་འཁྱོངས་བྱས་ཏེ། འགན་འཁྲི་རྩད་གཅོད་ཀྱི་རྐྱེན་སྲོལ་གཏན་འབེབས་བྱེད་པར་ཞིབ་འཇུག་དང་ཕན་ནུས་ལྡན་པའི་སྒོ་ནས་རིགས་སྣ་ཚོགས་ཀྱི་སྐྱེ་ཁམས་ཁོར་ཡུག་གནད་དོན་འབྱུང་བར་སྔོན་འགོག་བྱེད་དགོས།

གྲོས་ཚོགས་སྟེང་ཞིང་ཆེན་ཡོངས་ཀྱི་ཏང་སྲིད་ལས་ཁུངས་ཀྱི་དུས་ཆེན་དགའ་སྟོན་གླེང་སྟེགས་འགྲེམ་སྟོན་ཚོགས་འདུའི་གཙང་སེལ་ཚད་ལྡན་དུ་བཏང་བའི་གནས་ཚུལ་སྐོར་གྱི་སྙན་ཞུར་ཉན། གྲོས་ཚོགས་ནས་བསྟན་དོན། དུས་ཆེན་དགའ་སྟོན་གླེང་སྟེགས་འགྲེམ་སྟོན་ཚོགས་འདུའི་གཙང་སེལ་ཚད་ལྡན་དུ་གཏོང་བ་ནི་ཏང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གིས་བཏོན་པའི་བཀོད་སྒྲིག་གལ་ཆེན་ཞིག་ཡིན་པས། ཆབ་སྲིད་ཐད་ནས་ལྟ་བ་དང་ཆབ་སྲིད་ཐད་ནས་སྒྲུབ་པ་རྒྱུན་འཁྱོངས་བྱས་ཤིང་། གཞི་གདངས་ནན་མོ་སྲུང་འཛིན་དང་འཚོ་བར་གྲོན་ཆུང་བྱེད་པའི་རེ་བ་དངོས་འབེབས་བྱས་ནས་གཙང་སེལ་ཚད་ལྡན་དུ་གཏོང་བའི་གྲུབ་འབྲས་དེ་སྲ་བརྟན་དུ་གཏོང་དགོས། ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་སྲིད་གཞུང་གི་ལྟེ་གནས་བྱ་བ་གཙོར་བཟུང་ཞིང་། ད་ཡོད་ཀྱི་རྨང་གཞིར་བརྟེན་ནས་འགྲེམ་སྟོན་དང་ཚོགས་འདུ་སྤེལ་བའི་ཆུ་ཚད་མཐོར་འདེགས་བྱེད་པ་དང་། སྔ་མོ་ནས་ད་ལོའི་དུས་ཆེན་དགའ་སྟོན་གླེང་སྟེགས་འགྲེམ་སྟོན་ཚོགས་འདུ་གལ་ཆེན་ལ་འཆར་འགོད་བཟང་བོ་བྱས་ནས། སྔར་ལས་ལྷག་པའི་སྒོ་ནས་མཚོ་སྔོན་གྱི་དཔལ་འབྱོར་དང་སྤྱི་ཚོགས་ཀྱི་འཕེལ་རྒྱས་ལ་ཞབས་འདེགས་ཞུ་དགོས།

གྲོས་ཚོགས་སྟེང་ནན་གྱིས་བསྟན་དོན། བདེ་འཇགས་ཐོན་སྐྱེད་ཀྱི་རྩ་བཅོས་མཁྲེགས་གཏོར་གྱི་ལོ་གསུམ་འགུལ་སྐྱོད་དང་ཟུང་འབྲེལ་བྱས་ཏེ། གནད་དོན་ལེགས་བཅོས་དང་འགན་འཁྲི་དངོས་འབེབས། གནོད་འགོག་དང་འཕྲལ་སྒྲུབ་མ་ལག་གི་འཛུགས་སྐྲུན། དྲིལ་སྒྲོག་སློབ་གསོ་བཅས་ལ་ཤུགས་བསྣན་ནས། རྒྱུན་ཆད་མེད་པར་ངོ་བོའི་བདེ་འཇགས་ཆུ་ཚད་མཐོར་འདེགས་བྱེད་དགོས། ཉེ་སྔོན་རང་ཞིང་གི་ཆར་ཆུའི་འབབ་ཚད་ནམ་རྒྱུན་ལས་ཅུང་མང་བ་དང་། དེའི་ཁར་ལྔ་གཅིག་ངལ་གསོ་ཐོན་ལ་ཉེ་བས། འཕྲལ་བསྟུན་གྲ་སྒྲིག་བྱ་བ་སྣ་ཚོགས་བཟང་བོར་སྒྲུབ་པ་དང་དུས་ནམ་ཡང་ལྷོད་གཡེང་དུ་མི་གཏོང་བའི་འགན་འཁྲིའི་འདུ་ཤེས་ཀྱིས་བདེ་འཇགས་ཐོན་སྐྱེད་བྱ་བ་ཞིབ་ཏུ་དམ་འཛིན་བྱེད་དགོས།

གྲོས་ཚོགས་སྟེང་མཚོ་སྔོན་ཞིང་ཆེན་གྱི་རྒྱལ་ཁབ་སྐྱེ་ཁམས་དཔལ་ཡོན་མཐོ་སའི་འཛུགས་སྐྲུན་སྲོལ་ཡིག་དང་མཚོ་སྔོན་ཞིང་ཆེན་གྱི་རྒྱལ་ཡོངས་དང་ཐ་ན་རྒྱལ་སྤྱིའི་སྐྱེ་ཁམས་དཔལ་ཡོན་གྱི་མཐོ་ས་གསར་སྐྲུན་བྱེད་པའི་ཉིས་སྟོང་ཉེར་བཞི་ལོའི་བྱ་བའི་གཙོ་གནད་སོགས་ཡིག་ཆར་གྲོས་ཞིབ་བྱས།


བསོད་ནམས་ཚེ་རིང་གིས་བསྒྱུར།