ཟླ4པའི་ཚེས25ཉིན། ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི། ཞིང་ཆེན་ཏང་ཨུའི་ཁྱོན་ཡོངས་བཅོས་སྒྱུར་ཟབ་སྤེལ་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རིན་ཁྲིན་ཀང་གིས་མགོ་འཛིན་བྱས་ནས་ཞིང་ཆེན་ཏང་ཨུའི་ཁྱོན་ཡོངས་བཅོས་སྒྱུར་ཟབ་སྤེལ་ཨུ་ཡོན་ལྷན་ཁང་གི་གྲོས་ཚོགས་ཐེངས་ཉེར་གསུམ་པ་བསྡུས་ཏེ། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་ཀྲུང་དབྱང་ཁྱོན་ཡོངས་བཅོས་སྒྱུར་ཟབ་སྤེལ་ཨུ་ཡོན་ལྷན་ཁང་གི་གྲོས་ཚོགས་ཐེངས་བཞི་པའི་སྟེང་གནང་བའི་གསུང་བཤད་གལ་ཆེན་གྱི་དགོངས་དོན་སློབ་སྦྱོང་དང་ལག་བསྟར་བྱས་པ་དང་། 2023ལོའི་ཁྱོན་ཡོངས་བཅོས་སྒྱུར་ཟབ་སྤེལ་བྱ་བར་ཕྱོགས་བསྡོམས་བྱས་ཤིང་། རང་ཞིང་གིས་ལྗང་མདོག་སྐྱེ་ལྡན་ཞིང་ཕྱུགས་ཐོན་རྫས་ཕྱིར་གཏོང་བྱེད་ས་བསྐྲུན་པའི་བྱ་བར་ཆེད་དུ་ཞིབ་འཇུག་བྱས། གྲོས་ཚོགས་སྟེང་བསམ་ཕྱོགས་གསལ་བོ་དང་། གཙོ་གནད་དམ་འཛིན། སྔོན་ལ་ལག་བསྟར་དང་ཚོད་ལྟ་བྱེད་པ། གནད་ཆེ་དམ་འཛིན་དང་གནད་མེད་ཟུར་འཇོག་རྒྱུན་འཁྱོངས་བྱས་ཏེ། ནུས་ལྡན་ཁྲོམ་ར་དང་ཕན་ལྡན་སྲིད་གཞུང་སྔར་ལས་ཟུང་འབྲེལ་གང་ལེགས་བྱས་ནས། ལྗང་མདོག་སྐྱེ་ལྡན་ཞིང་ཕྱུགས་ཐོན་རྫས་ཕྱིར་གཏོང་བྱེད་ས་བསྐྲུན་རྒྱུ་དེ་སྐས་རིམ་གསར་བར་བསྐྱོད་པར་སྐུལ་འདེད་གཏོང་དགོས་ཞེས་ནན་གྱིས་བསྟན།
ཧྲིན་ཀྲང་། ཞིང་ཆེན་ཏང་ཨུའི་ཁྱོན་ཡོངས་བཅོས་སྒྱུར་ཟབ་སྤེལ་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རིན་གཞོན་པ་ཝུའུ་ཞའོ་ཅུན་དང་། ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི་གཞོན་པ། ཞིང་ཆེན་ཏང་ཨུའི་ཁྱོན་ཡོངས་བཅོས་སྒྱུར་ཟབ་སྤེལ་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རིན་གཞོན་པ་ལིའུ་ཆི་ཧྥན། ཞིང་ཆེན་ཏང་ཨུའི་ཁྱོན་ཡོངས་བཅོས་སྒྱུར་ཟབ་སྤེལ་ཨུ་ཡོན་ལྷན་ཁང་གི་ཨུ་ཡོན་ལིའུ་མེ་ཕིན་དང་། ཚེ་རིང་ཐར། དབྱང་ཧྥ་སིན། ཝང་ལིན་ཧུའུ། ཀྲུའུ་ཞང་ཧྥིན། ཧྲིན་ཀྲང་གཞོན་པ་ཧི་ལུའུ་ཁྲུན་བཅས་གྲོས་ཚོགས་ལ་ཞུགས།
གྲོས་ཚོགས་སྟེང་བལྟས་ན། ན་ནིང་ཞིང་ཆེན་གོང་འོག་ཡོངས་ཀྱིས་ཏང་ཀྲུང་དབྱང་གི་ཇུས་ཆོད་བཀོད་སྒྲིག་དང་ཞིང་ཆེན་ཏང་ཨུའི་བླང་བྱར་གཞིགས་ཏེ། བཅོས་སྒྱུར་གྱི་འགག་སྒྲོལ་དང་སྣེ་ཁྲིད་ནུས་པ་འདོན་སྤེལ་ནུས་ལྡན་བྱས་པ་དང་། མཐོ་ས་བསྐྲུན་པ་དང་ཐོན་ལས་ཀྱི་གནས་བཞི་འཛུགས་སྐྲུན་གྱི་གལ་ཆེའི་ཞིབ་འཇུག་བྱ་གཞིར་དམིགས་ནས་ནུས་ཤུགས་བཏོན་པས། གཏིང་ཟབ་སྐུལ་འདེད་དང་ཁྱད་ཆོས་མངོན་གསལ་གྱི་གནས་བབ་ལེགས་པོ་མངོན་ཡོད། ད་ལོར་གལ་ཆེའི་བཅོས་སྒྱུར་ལས་འགན་གྱི་མཐུན་སྦྱོར་སྐུལ་འདེད་དང་དོན་འཁྱོལ་ལ་སྐུལ་འདེད་གཏོང་བར་སྔར་ལས་ཤུགས་སྣོན་དགོས་པ་དང་། བཅོས་སྒྱུར་བྱེད་ཐབས་ཀྱི་མ་ལག་གཅིག་འདུས་དང་མཉམ་སྡེབ་ནུས་མཐོར་སྔར་ལས་ཤུགས་བསྣན་ནས། ཁྱོན་ཡོངས་ནས་བཅོས་སྒྱུར་ཟབ་སྤེལ་བྱེད་པ་དེས་དེང་རབས་ཅན་གྱི་མཚོ་སྔོན་གསར་པའི་འཛུགས་སྐྲུན་ལ་སྐུལ་འདེད་གཏོང་དགོས་པར་འདོད།
གྲོས་ཚོགས་སྟེང་། ཞིང་ལས་ཞིང་སྡེ་པུའུ་ཞིང་ལས་སྐྱེ་ཁམས་དང་ཐོན་ཁུངས་ཁོར་ཡུག་སྲུང་སྐྱོབ་སྤྱིའི་ས་ཚིགས་ཀྱི་འགོ་གཙོ་ཡཱན་ཏུང་ཆོན་དང་། ཀྲུང་གོ་ཞིང་ལས་ཚན་རིག་གླིང་ཞིང་ལས་ཐོན་ལས་ལས་སྣོན་ཞིབ་འཇུག་ཁང་གི་འགོ་གཙོ་གཞོན་པ་ཧྥན་པེ་གཉིས་ཀྱིས་ཞིང་འབྲོག་ལས་རིགས་འཕེལ་རྒྱས་ཀྱི་སྔོན་ཐོན་ཉམས་མྱོང་དང་དཔེ་མཚོན་བྱེད་ཐབས་ངོ་སྤྲོད་བྱས་པ་དང་། ལྗང་མདོག་སྐྱེ་ལྡན་ཞིང་ཕྱུགས་ཐོན་རྫས་ཕྱིར་གཏོང་བྱེད་ས་བསྐྲུན་པར་བསམ་འཆར་དང་གྲོས་གཞི་བཏོན་ཞིང་། འབྲེལ་ཡོད་སྡེ་ཁག་དང་། ས་ཁུལ། ཁེ་ལས་བཅས་ཀྱིས་སྙན་ཞུ་ཕུལ་བ་དང་བསམ་ཚུལ་བརྗེ་རེས་བྱས།
གྲོས་ཚོགས་སྟེང་རང་ཞིང་གི་ལྗང་མདོག་སྐྱེ་ལྡན་ཞིང་ཕྱུགས་ཐོན་རྫས་ཕྱིར་གཏོང་བྱེད་ས་བསྐྲུན་པའི་བྱ་བའི་གྲུབ་འབྲས་ལ་ཁས་ལེན་གང་ལེགས་བྱས། ལྗང་མདོག་སྐྱེ་ལྡན་ཞིང་ཕྱུགས་ཐོན་རྫས་ཕྱིར་གཏོང་བྱེད་ས་བསྐྲུན་པ་དེ་སྐྱེ་ཁམས་སྲུང་སྐྱོབ་གཙོ་བོར་འཛིན་པའི་བླང་བྱ་དང་མཐུན་ཞིང་། མི་རིགས་མཐུན་སྒྲིལ་ཡར་ཐོན་ལ་ཕན་པ་དང་། དེ་ནི་ལས་ཞུགས་ལ་སྐུལ་འདེད་དང་དམངས་ཚིས་ལེགས་སྒྱུར་གྱི་ཐབས་ལམ་གལ་ཆེན་ཞིག་ཡིན་ལ། མཚོ་སྔོན་གྱི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་ཕྱོགས་གཙོ་བོ་ཞིག་ཡིན་ཏེ། གྲོང་གསེབ་དར་རྒྱས་ལ་ཕྱོགས་ཡོངས་ནས་སྐུལ་འདེད་གཏོང་བ་དང་། ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་གྱི་མཚོ་སྔོན་གྱི་ལེའུ་གསར་བ་འབད་པས་རྩོམ་པར་དོན་སྙིང་གལ་ཆེན་དང་གཏིང་ཟབ་ལྡན་ཞེས་བསྟན།
གྲོས་ཚོགས་སྟེང་ནན་གྱིས་བསྟན་དོན། རྒྱལ་སྤྱིའི་མཐོང་རྒྱ་བཅངས་པ་དང་། ལྗང་མདོག་གི་རྩ་བར་དམིགས་ནས་ཁྱད་ཆོས་དང་ལེགས་ཆ་ལྡན་པའི་ཐོན་རྫས་འཕེལ་རྒྱས་སུ་གཏོང་བ། གླིང་ཁུལ་ཅན་དང་མཉམ་འདྲེས་ཅན། ལྗང་མདོག་ཅན། ཁྱད་ཆོས་ཅན། གཞི་གྲངས་ཅན་བཅས་ཀྱིས་ཐོན་ཁུངས་ལ་གཞོགས་འདེགས་བྱེད་པ་དང་། རྟེན་གཞི་གཙོ་བོ་དང་། ཁེ་ལས་གཙོ་བོ། མིང་བྱང་གཙོ་བོ། སྟེགས་བུ་གཙོ་བོ་བཅས་ཀྱིས་སྲིད་ཇུས་ལ་རམ་འདེགས་བྱེད་པ། མ་དངུལ་དང་། ས་ཞིང་། རྣམ་གྲངས་སོགས་རྒྱུ་རྐྱེན་གྱི་འགན་སྲུང་ལ་ཤུགས་བསྣན་ནས། ཐོན་ལས་ཕྲེང་འབྲེལ་དང་གསར་གཏོང་ཕྲེང་འབྲེལ་མཉམ་འདྲེས་གཏིང་ཟབ་ཡོང་བ་དང་། ཚོང་རྟགས་ཅན་དང་ཚད་མཐོ་ཅན་གྱི་ལམ་བུར་བསྐྱོད་པར་སྐུལ་འདེད་གཏོང་དགོས། རྟེན་གཞི་དམ་འཛིན་བྱས་ནས་འགག་སྒྲོལ་ཡོང་བར་བྱེད་པ་དང་། རིམ་འཕར་དམ་འཛིན་བྱས་ནས་ཕན་ནུས་ཐོན་པར་བྱེད་པ། འདོན་སྤྲོད་སྣེ་གཅིག་སྡུད་བྱས་ནས་ཐོན་སྐྱེད་ནུས་ཤུགས་མཐོར་འདེགས་སུ་གཏོང་བ་དང་། ཐོན་ལས་སྣེ་གཅིག་སྡུད་བྱས་ནས་སྤུས་ནུས་དང་ཕན་འབྲས་འཕར་བར་ཤུགས་སྣོན་པ། ཕྱིར་གཏོང་སྣེ་གཅིག་སྡུད་བྱས་ནས་མཚོ་སྔོན་གྱི་ཐོན་རྫས་མཚོ་སྔོན་ནས་ཕྱིར་གཏོང་བྱེད་ཚད་རྒྱ་བསྐྱེད་ནས། ཐོན་ལས་དང་པོ་དང་གཉིས་པ། གསུམ་པ་བཅས་མཉམ་འདྲེས་འཕེལ་རྒྱས་འབྱུང་བར་སྐུལ་འདེད་གཏོང་དགོས། འགལ་བ་གཙོ་བོ་དམ་པོར་འཛིན་པ་དང་། ད་ཡོད་སྲིད་ཇུས་དང་ཐོན་ཁུངས་ལེགས་སྒྲིག་ནུས་ལྡན་བྱེད་པ། དྲང་ཕྱོགས་སྐུལ་སློང་དང་ལྡོག་ཕྱོགས་ཚོད་འཛིན་ལ་ཤུགས་སྣོན་པ་དང་། ས་གནས་དང་ཁེ་ལས། ཁྲོམ་ར་བཅས་ཀྱི་ཧུར་བརྩོན་རང་བཞིན་ལེགས་པར་བསྐྱེད་པ། མཚོ་སྔོན་ཁ་གཏད་རོགས་སྐྱོར་དང་ཤར་ནུབ་རྒྱུད་མཉམ་ལས་ལམ་ལུགས་ཀྱི་དགེ་མཚན་འདོན་སྤེལ་བྱས་ཏེ། ཞིང་ལས་དང་ཚན་རྩལ། རིག་གནས། ཡུལ་སྐོར། ཚོང་ལས་བཅས་མཉམ་འདྲེས་འཕེལ་རྒྱས་ལ་སྐུལ་འདེད་བཏང་ནས། སྐྱེ་ཁམས་ལེགས་ཤོས་དང་། ཁྱད་ཆོས་མངོན་གསལ། རྒྱལ་ཁབ་ཕྱི་ནང་ལ་མིང་དུ་གྲགས་པ་བཅས་ཀྱི་ལྗང་མདོག་སྐྱེ་ལྡན་ཞིང་ཕྱུགས་ཐོན་རྫས་ཕྱིར་གཏོང་བྱེད་ས་བསྐྲུན་དགོས།
གྲོས་ཚོགས་སྟེང་སྐབས་གསུམ་པའི་མཚོ་སྔོན་ཞིང་ཆེན་གྱི་བཅོས་སྒྱུར་གསར་གཏོད་བྱ་དགའི་དཔྱད་འདེམས་གཟེངས་བསྟོད་བྱ་བའི་གནས་ཚུལ་ལ་ཉན་ཞིང་། རྒྱལ་ཁབ་ཀྱི་རིག་གནས་གཞི་གྲངས་ཅན་གྱི་འཐབ་ཇུས་ལག་བསྟར་དོན་འཁྱོལ་བྱེད་པའི་ལག་བསྟར་ཇུས་གཞི་དང་། མཛེས་སྡུག་མཚོ་སྔོན་འཛུགས་སྐྲུན་ལ་ཕྱོགས་ཡོངས་ནས་སྐུལ་འདེད་གཏོང་བའི་ལག་བསྟར་བསམ་འཆར་ལ་གྲོས་ཞིབ་བྱས།
ལྷ་མོ་འཚོས་བསྒྱུར།