ཝང་ཧུའུ་ཉིང་གིས་ཀྲུང་གོ་གོ་མིན་ཏང་གི་དམངས་འདོད་འཐུས་མིའི་འཚམས་འདྲི་ཚོགས་པར་མཇལ་འཕྲད་གནང་།
2024.04.27 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 0

ཟླ4པའི་ཚེས27ཉིན། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་རྒྱུན་ལས་ཨུ་ཡོན། རྒྱལ་ཡོངས་སྲིད་གྲོས་ཀྱི་ཀྲུའུ་ཞི་ཝང་ཧུའུ་ཉིང་གིས་པེ་ཅིང་དུ། ཧྥུའུ་ཁུན་ཆི་ཡིས་སྣེ་ཁྲིད་པའི་ཀྲུང་གོ་གོ་མིན་ཏང་གི་དམངས་འདོད་འཐུས་མིའི་འཚམས་འདྲི་ཚོགས་པར་མཇལ་འཕྲད་གནང་།  ཁོང་གིས་ང་ཚོས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་གྱི་དགོངས་དོན་ལག་ལེན་མཐར་ཕྱིན་བྱས་ནས། ཀྲུང་གོ་གཅིག་གི་རྩ་དོན་དང“གོ་གཉིས་ལོའི་ཐུན་མོང་ངོས་འཛིན”རྒྱུན་འཁྱོངས་བྱས་ཏེ། “ཐའེ་ཝན་རང་བཙན”གྱི་ཁ་བྲལ་བྱ་སྤྱོད་དང་ཕྱི་ཕྱོགས་སྟོབས་ཤུགས་ཀྱིས་ཐེ་གཏོགས་བྱེད་ཀྱིན་པར་ངོ་རྒོལ་མཐའ་གཅིག་ཏུ་བྱས་ནས། འགྲམ་གཉིས་ཀྱི་བརྗེ་རེས་མཉམ་ལས་དང་མཉམ་འདྲེས་འཕེལ་རྒྱས་ལ་མུ་མཐུད་སྐུལ་འདེད་བཏང་སྟེ། ཐའེ་ཝན་སྤུན་ཟླ་དང་མཉམ་དུ། འགྲམ་གཉིས་ཀྱི་ཆེད་དུ་ཞི་བདེ་དོན་གཉེར་དང་སྤུན་ཟླའི་ཆེད་དུ་བདེ་སྐྱིད་བརྩོན་ལེན་བྱེད་པ། མི་རིགས་ཀྱི་ཆེད་དུ་བསྐྱར་དར་དོན་གཉེར་བཅས་བྱེད་དགོས་ཞེས་གསུངས།

ཝང་ཧུའུ་ཉིང་གིས་འགྲམ་གཉིས་ཀྱི་སྤུན་ཟླ་ཚང་མ་ཀྲུང་ཧྭ་མི་རིགས་ཀྱི་ཁོངས་གཏོགས་ཡིན་པས། མི་རིགས་ཀྱི་དྲང་བདེན་རྒྱུན་འཁྱོངས་བྱས་ཏེ། མཉམ་དུ་ལག་གདང་སྦྲེལ་ནས་མི་རིགས་བསྐྱར་དར་དང་དར་རྒྱས་ཀྱི་གཟི་བརྗིད་མཉམ་སྤྱོད་བྱེད་དགོས། ང་ཚོས་འགྲམ་གཉིས་ཀྱི་སྤུན་ཟླ་རྣམས་བདེ་སྐྱིད་ཡོང་བར་བྱ་རྒྱུ་དེ་འགྲམ་གཉིས་ཀྱི་འབྲེལ་བ་འཕེལ་རྒྱས་གཏོང་བའི་འགོ་རྩོམ་ས་དང་རྐང་འཛུགས་སར་བརྩིས་ནས། དུས་རྣམ་ཀུན་ཏུ་ཐའེ་ཝན་སྤུན་ཟླར་བརྩི་འཇོག་དང་གཅེས་སྐྱོང་། བདེ་སྐྱིད་བསྐྲུན་རྒྱུ་བཅས་བྱས་ཏེ། ཐའེ་ཝན་སྤུན་ཟླར་ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་གྱི་འཕེལ་རྒྱས་གོ་སྐབས་མཉམ་སྤྱོད་བྱས་ནས། ཀྲུང་ཧྭ་མི་རིགས་ཀྱི་ཡུན་རིང་བདེ་སྐྱིད་མཉམ་སྐྲུན་བྱེད་དགོས། ཀྲུང་གོ་གོ་མིན་ཏང་གི་དམངས་འདོད་འཐུས་མིས་ནུས་པ་ལེགས་པོ་བཏོན་ནས། འགྲམ་གཉིས་ཀྱི་འབྲེལ་བ་འཕེལ་རྒྱས་འགྲོ་རྒྱུར་མཉམ་དུ་སྐུལ་འདེད་གཏོང་རྒྱུའི་རེ་ལྟོས་ཆེ།  འགྲམ་གཉིས་ཀྱི་སྤུན་ཟླ་སྤྱི་དང་ཁྱད་པར་དུ་གཞོན་རབས་པ་རྣམས་འགྲམ་གཉིས་ཀྱི་བརྗེ་རེས་འགྲོ་འོང་ཁྲོད་མང་ཙམ་ཞུགས་ནས། འགྲམ་གཉིས་ཀྱི་འབྲེལ་བའི་མཛེས་སྡུག་ལྡན་པའི་འབྱུང་འགྱུར་མཉམ་སྐྲུན་བྱེད་དགོས་ཞེས་གསུངས།

ཝང་ཧུའུ་ཉིང་གིས་སྐམ་ས་ཆེན་མོའི་སྤུན་ཟླ་ཚོས་ཐའེ་ཝན་གྱི་ཧྭ་ལེན་ས་ཆའི་ས་ཡོམ་གནོད་ཁུལ་གྱི་སྤུན་ཟླ་ཚོར་དོ་ཁུར་ཆེན་པོ་བྱེད་ཀྱིན་ཡོད་པས། ཧྭ་ལེན་གནོད་ཁུལ་གྱི་གནོད་འཚེའི་རྗེས་ཀྱི་སླར་གསོ་དང་བསྐྱར་སྐྲུན་བྱ་བར་རོགས་རམ་ཆེན་པོ་བྱེད་འདོད་ཡོད་ཅེས་གསུངས།

ཧྥུའུ་ཁུན་ཆི་ཡིས་འགྲམ་གཉིས་ཀྱི་སྤུན་ཟླ་རྣམས་ལ་མཚོན་ནས་བཤད་ན། སྤྱོད་རྒྱུའི་ཡི་གེ་གཅིག་པ་དང་རིགས་རྒྱུད་གཅིག་ཡིན་ལ། ཁྲག་རྒྱུན་དང་མེས་པོ་གཅིག་པ་ཡིན་པའི་དབང་གིས། ཀྲུང་ཧྭ་མི་རིགས་ཀྱི་ཁོངས་གཏོགས་ཡིན་ལ། ཁྱིམ་ཚང་གཅིག་ཀྱང་ཡིན། གུང་ཁྲན་ཏང་དང་གོ་མིན་ཏང་གཉིས་ཀྱི་ཐུན་མོང་ཆབ་སྲིད་ཀྱི་རྨང་གཞིའི་སྟེང་དུ། འགྲམ་གཉིས་ཀྱི་བརྗེ་རེས་མཉམ་ལས་དང་སྤུན་ཟླ་ཕན་ཚུན་འགྲོ་འོང་ལ་སྐུལ་འདེད་བཏང་ནས། ཐའེ་ཝན་མཚོ་འགག་གི་ཞི་བདེར་མཉམ་དུ་སྲུང་སྐྱོབ་བྱེད་རྒྱུ་དང་། འགྲམ་གཉིས་ཀྱི་འབྲེལ་བ་ཞི་བདེ་དང་འཕེལ་རྒྱས་ཀྱི་བགྲོད་ལམ་སྟེང་བསྐྱར་ལོག་ཡོང་བར་སྐུལ་འདེད་བཏང་ཞིང་། འགྲམ་གཉིས་ཀྱི་སྤུན་ཟླ་རྣམས་ཀྱི་ཁེ་ཕན་དང་བདེ་སྐྱིད་ཇེ་ཆེར་བཏང་ནས། མཛེས་སྡུག་ལྡན་པའི་འབྱུང་འགྱུར་མཉམ་དུ་བསྐྲུན་རྒྱུའི་རེ་ལྟོས་ཆེ་ཞེས་བསྟན།

བན་དེ་སྐྱབས་ཀྱིས་བསྒྱུར།