ཞིང་ཆེན་སྲིད་གཞུང་གིས་ཀྲུང་གོ་དབྱི་ཏུང་དང་ཁཱི་ཏ་ཞུན་ཧྥེ་ཀུང་ཟིའི་བར་འཐབ་ཇུས་མཉམ་ལས་གྲོས་མཐུན་བཀོད།
2024.04.28 ཁུངས། མཚོ་སྔོན་ཉིན་རེའི་ཚགས་པར། ཀློག་གྲངས། 0

ཟླ4པའི་ཚེས27ཉིན། མཚོ་སྔོན་ཞིང་ཆེན་མི་དམངས་སྲིད་གཞུང་གིས་པེ་ཅིང་དུ་ཀྲུང་གོ་དབྱི་ཏུང་ཆ་འཕྲིན་སྡེ་ཚོགས་ཚད་ཡོད་ཀུང་ཟི་དང་། ཁཱི་ཏ་ཞུན་ཧྥེ་མ་རྐང་ཚད་ཡོད་ཀུང་ཟིའི་བར་འཐབ་ཇུས་མཉམ་ལས་གྲོས་མཐུན་བཀོད། ཞིང་ཆེན་ཏང་ཨུའི་རྒྱུན་ལས་ཨུ་ཡོན། རྒྱུན་ལས་ཧྲིན་ཀྲང་གཞོན་པ་ཝང་ལིན་ཧུའུ་ཡིས་མཚོ་སྔོན་སྲིད་གཞུང་གི་ཚབ་བྱས་ཏེ་གྲོས་མཐུན་སྟེང་མིང་བཀོད།

ཐེངས་འདིའི་གྲོས་མཐུན་ནི་རང་ཞིང་གིས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་མཚོ་སྔོན་གྱིས་རྒྱལ་ཁབ་དག་གཙང་ནུས་ཁུངས་ཐོན་ལས་ཀྱི་མཐོ་ས་བསྐྲུན་པའི་ཐད་གནང་བའི་མཛུབ་སྟོན་གལ་ཆེན་གྱི་དགོངས་དོན་ཕྱོགས་ཡོངས་ནས་དངོས་འབེབས་བྱེད་པ་དང་། ཡུལ་བབ་དང་བསྟུན་ནས་ཐོན་སྐྱེད་ནུས་ཤུགས་གསར་མ་འཕེལ་རྒྱས་སུ་གཏོང་བ། ལྷད་མེད་རྩིས་ནུས་ཐོན་ལས་འཕེལ་རྒྱས་ལ་མྱུར་དུ་སྐུལ་འདེད་གཏོང་བའི་ནུས་ལྡན་ལག་ལེན་ཅིག་ཡིན། ཕྱོགས་གསུམ་གྱིས་གྲོས་མཐུན་གཞིར་བཟུང་ནས་མཚོ་སྔོན་གྱི་དག་གཙང་ནུས་ཁུངས་དང་། གྲང་འཁྱག་གནམ་གཤིས། འཐབ་ཇུས་ས་ཁུལ་སོགས་ཀྱི་དགེ་མཚན་བེད་སྤྱོད་གང་ལེགས་བྱས་ཏེ། དབྱི་ཏུང་ཞུན་ཧྥེ་ཞེས་པའི་མཐོ་སྒང་ལྷད་མེད་རྩིས་ནུས་གཞི་གྲངས་ལྟེ་གནས་ལག་བསྟར་བྱེད་པའི་འཆར་གཞི་བཀོད་པ་དང་། གཞི་རྒྱ་ཆེ་བའིAIམ་ལག་འཛུགས་པ། ལས་རིགས་ཆེ་གྲས་རྒྱ་སྐྱེད་དང་ཚོང་ར་ཅན་གྱི་འཁོར་སྐྱོད་ལ་མཉམ་དུ་སྐུལ་འདེད་གཏོང་བ་དང་།  མིས་བཟོས་རིག་ནུས་ཀྱིས་མཚོ་སྔོན་གྱི་བཟོ་ལས་དང་། བློ་གྲོས་སྨན་བཅོས། རིག་གནས་ཡུལ་སྐོར་སོགས་ཁྱབ་ཁོངས་ཀྱི་འཕེལ་རྒྱས་ཐད་ནུས་པ་ཐོན་པར་བྱས་ནས། གཞི་གྲངས་མཚོ་སྔོན་འཕེལ་རྒྱས་ཐད་སྒུལ་ནུས་གསར་པ་བསྐྲུན་རྒྱུ་རེད། འདི་ལས་རྩིས་ནུས་ཆེ་གྲས་ཐོག་མར་མདོ་དབུས་མཐོ་སྒང་ནས་རྐང་ཚུགས་པ་མཚོན་པར་མ་ཟད། གཞི་གྲངས་རིག་ནུས་ཀྱི་མཚོ་སྔོན་ཚུལ་སྒྱུར་རིམ་སྤོར་བྱ་བ་སྔར་ལས་ཇེ་མགྱོགས་སུ་བཏང་ནས། སྦྲེལ་མཐུད་དང་རྩིས་ནུས་དྲ་བ། བཟོ་དབྱིབས་ནུས་པ་བཅས་གཅིག་ཏུ་འབྲེལ་བའི་གསར་གྲས་ཀྱི་རྨང་གཞིའི་སྒྲིག་ཆས་མ་ལག་འཛུགས་གྲུབ་བྱེད་པ་དང་། དཔེ་སྟོན་སྣེ་ཁྲིད་ཀྱི་ནུས་པ་ཐོན་པར་བྱས་ཏེ། མཚོ་སྔོན་གྱི་ལྷད་མེད་རྩིས་ནུས་ཐོན་ལས་ཀྱི་སྐྱེ་ཁམས་བསྐྲུན་པར་རོགས་ཤུགས་འདོན་རྒྱུ་དང་། མཚོ་སྔོན་གྱི་ལྷད་མེད་རྩིས་ནུས་ཐོན་ལས་ཀྱི་རྟེན་གཞི་བསྐྲུན་པར་སྒུལ་ནུས་སྟོབས་ལྡན་དང་འདེགས་སྐྱོར་ནུས་ལྡན་འདོན་སྤྲོད་བྱ་རྒྱུ་རེད།

རིག་འཛིན་སྒྲོལ་མས་བསྒྱུར།