ལིས་ཆང་གིས་ཨ་མེ་རི་ཁའི་ཐི་སི་ལཱ་ཀུང་ཟིའི་དབུ་བཞུགས་ལག་བསྟར་དཔོན་མཱ་ཟི་ཁི་ལ་མཇལ་འཕྲད་གནང་།
2024.04.29 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 0

ཟླ4པའི་ཚེས28ཉིན་གྱི་ཕྱི་དྲོར། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་ལིས་ཆང་གིས་ཏེའོ་ཡུས་ཐའེ་རྒྱལ་མགྲོན་ཁང་དུ། ཨ་མེ་རི་ཁའི་ཐི་སི་ལཱ་ཀུང་ཟིའི་དབུ་བཞུགས་ལག་བསྟར་དཔོན་མཱ་ཟི་ཁི་ལ་མཇལ་འཕྲད་གནང་།

ལིས་ཆང་གིས་ཀྲུང་གོ་དང་ཨ་མེ་རི་ཁ་རྒྱལ་ཁབ་གཉིས་ཀྱི་དཔལ་འབྱོར་མཉམ་འདྲེས་གཏིང་ཟབ་བྱས་ཡོད་པའི་དབང་གིས། སོ་སོའི་ཁེ་ཕན་གྱི་ནང་དུ་རང་གཞན་གཉིས་ཀ་འདུས་ཡོད་ལ། སོ་སོས་ཕ་རོལ་པོའི་འཕེལ་རྒྱས་ཀྱི་ཁྲོད་ནས་ཕན་ཁེ་ལེན་ཐུབ།  ཐི་སི་ལཱ་ཀྲུང་གོ་རུ་འཕེལ་རྒྱས་བྱུང་བ་དེ་ནི། ཀྲུང་གོ་དང་ཨ་མེ་རི་ཁའི་དཔལ་འབྱོར་ཚོང་དོན་མཉམ་ལས་ཀྱི་དཔེ་མཚོན་ལེགས་པོ་ཞིག་ཏུ་བལྟས་ཆོག དོན་དངོས་ཀྱི་སྟེང་ནས་བཤད་ན། འདྲ་མཉམ་མཉམ་ལས་དང་གཉིས་ཕན་གཉིས་རྒྱལ་ནི་གཞི་ནས་རྒྱལ་ཁབ་གཉིས་ཀའི་རྩ་བའི་ཁེ་ཕན་དང་མཐུན་ཤོས་ཡིན་ལ། རྒྱལ་ཁབ་གཉིས་ཀའི་མི་དམངས་ཀྱི་ཐུན་མོང་གི་རེ་ལྟོས་ཀྱང་ཡིན། ཨ་མེ་རི་ཁ་ཕྱོགས་ཀྱིས་ཀྲུང་གོ་ཕྱོགས་དང་མཉམ་དུ། རྒྱལ་ཁབ་གཉིས་ཀའི་གཙོ་འཛིན་གྱི་འཐབ་ཇུས་སྣེ་ཁྲིད་ལྟར། ཀྲུང་གོ་དང་ཨ་མེ་རི་ཁའི་འབྲེལ་བ་རྒྱུན་མཐུད་དང་བརྟན་བརླིང་ངང་འཕེལ་རྒྱས་འགྲོ་རྒྱུར་སྐུལ་འདེད་བཏང་ནས། རྒྱལ་ཁབ་གཉིས་དང་འཛམ་གླིང་མི་དམངས་ལ་ཕན་པ་སྔར་ལས་ཆེན་པོ་བསྐྲུན་རྒྱུའི་རེ་ལྟོས་ཆེ་ཞེས་གསུངས།

ལིས་ཆང་གིས་ཕྱི་རྒྱལ་གྱི་དངུལ་གཏོང་ཁེ་ལས་ནི་ཀྲུང་གོའི་འཕེལ་རྒྱས་ལ་མེད་དུ་མི་རུང་བའི་ཟབ་ཞུགས་མཁན་དང་ལེགས་སྐྱེས་འབུལ་མཁན་གལ་ཆེན་ཞིག་ཡིན་པ་དང་། ཀྲུང་གོའི་གཞི་ཁྱོན་ཧ་ཅང་ཆེ་བའི་ཁྲོམ་རས་ཐོག་མཐའ་བར་གསུམ་དུ་ཕྱི་རྒྱལ་གྱི་དངུལ་གཏོང་ཁེ་ལས་ལ་སྒོ་མོ་ཕྱེས་ཡོད།  ཀྲུང་གོས་བཤད་ཟིན་པའི་སྐད་ཆ་ཅིས་ཀྱང་ལག་བསྟར་བྱེད་ངེས་ཡིན་ལ། ཁྲོམ་རར་ཞུགས་ཆོག་པའི་ཁྱབ་རྒྱ་ཇེ་ཆེར་གཏོང་བ་དང་། ཞབས་ཞུའི་འགན་ལེན་ལ་ཤུགས་སྣོན་པ་སོགས་ཀྱི་ཐད་མུ་མཐུད་འབད་བརྩོན་བྱས་ཏེ། ཕྱི་རྒྱལ་གྱི་དངུལ་གཏོང་ཁེ་ལས་ལ་སྔར་ལས་ལེགས་པའི་ཚོང་གཉེར་ཁོར་ཡུག་བསྐྲུན་རྒྱུ་དང་། སྔར་ལས་ནུས་ལྡན་གྱི་ཕྱོགས་བསྡུས་རྒྱབ་སྐྱོར་མཁོ་འདོན་བྱས་ནས། རྒྱལ་ཁབ་སོ་སོའི་ཁེ་ལས་ཀྱིས་བློ་བདེ་དང་སེམས་ཁྲལ་ཅི་ཡང་མེད་པའི་སྒོ་ནས་ཀྲུང་གོར་མ་དངུལ་བཏང་སྟེ། གཉིས་ཕན་གཉིས་རྒྱལ་སྔར་ལས་ལེགས་པའི་སྒོ་ནས་མངོན་འགྱུར་ཡོང་བར་འབད་རྒྱུ་ཡིན་ཞེས་གསུངས།

མཱ་ཟི་ཁི་ཡིས་ཐི་སི་ལཱའི་ཧྲང་ཧའེ་ཁྱད་འཕགས་བཟོ་གྲྭ་ནི་ཐི་སི་ལཱའི་གྲུབ་འབྲས་ཆེན་པོ་ལྡན་པའི་བཟོ་གྲྭ་ཞིག་ཡིན་ཞིང་། དེ་ནི་ཀྲུང་གོའི་ཚོགས་པའི་ལས་ལ་བརྩོན་པའི་བློ་གྲོས་ལས་བྱུང་བ་ཡིན། ཐི་སི་ལཱས་ཀྲུང་གོ་ཕྱོགས་དང་མཉམ་ལས་སྔར་ལས་དམ་ཟབ་བྱས་ཏེ། གཉིས་ཕན་གྲུབ་འབྲས་སྔར་ལས་གང་མང་ཐོབ་པར་འབད་འབུངས་བྱ་རྒྱུ་ཡིན་ཞེས་བསྟན།

བན་དེ་སྐྱབས་ཀྱིས་བསྒྱུར།