ཝུའུ་ཞའོ་ཅུན་གྱིས་མཚོ་སྔོན་ཞིང་ཆེན་གྱི་འཐུས་ཚབ་ཚོགས་པ་ཁྲིད་དེ་ཧྲིན་ཀྲིན་ཏུ་སོང་ནས་སློབ་སྦྱོང་རྟོག་ཞིབ་བྱས་པ་དང་མཉམ་ལས་ཐད་བསམ་ཚུལ་བརྗེ་རེས་བྱས།
2024.04.29 ཁུངས། མཚོ་སྔོན་ཉིན་རེའི་ཚགས་པར། ཀློག་གྲངས། 0

ཟླ4པའི་ཚེས27ཉིན་ནས་ཚེས28ཉིན་བར། ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི་གཞོན་པ། ཧྲིན་ཀྲང་ཝུའུ་ཞའོ་ཅུན་གྱིས་མཚོ་སྔོན་ཞིང་ཆེན་གྱི་འཐུས་ཚབ་ཚོགས་པ་ཁྲིད་དེ་ཧྲིན་ཀྲིན་གྲོང་ཁྱེར་དུ་སོང་ནས། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་ཤར་ནུབ་རྒྱུད་ཀྱི་མཉམ་ལས་ཇེ་ཟབ་ཏུ་གཏོང་བ་དང་དུས་རབས་གསར་པར་ནུབ་རྒྱུད་གསར་སྤེལ་ཆེན་མོའི་སྐོར་གྱི་མཛུབ་སྟོན་དགོངས་དོན་གལ་ཆེན་ལག་བསྟར་དང་དངོས་འབེབས་ཟབ་མོ་བྱས་ཤིང་། ཧྲིན་ཀྲིན་གྲོང་ཁྱེར་གྱིས་སྤུས་ཚད་མཐོ་བའི་སྒོ་ནས་དེང་རབས་ཅན་འཛུགས་སྐྲུན་ལ་སྐུལ་འདེད་བཏང་བའི་སྔོན་ཐོན་ཉམས་མྱོང་དང་བྱེད་ཐབས་ལེགས་པོར་སློབ་སྦྱོང་དང་དཔེ་ལྟ་བྱས་པ་དང་། མཉམ་ལས་གཏིང་ཟབ་བྱེད་པར་མཉམ་དུ་གྲོས་སྡུར་བྱས་པར་མ་ཟད་ལྷད་མེད་འཕེལ་རྒྱས་ཐད་འཆར་གཞི་མཉམ་འགོད་བྱས།

ཚེས28ཉིན་གྱི་སྔ་དྲོར། ཝུའུ་ཞའོ་ཅུན་སོགས་ཧྲིན་ཀྲིན་གྲོང་ཁྱེར་གྱི་ཏང་ཨུའི་ཧྲུའུ་ཅི་གཞོན་པ། ཧྲི་ཀྲང་ཐན་ཝེ་ཀྲུང་སོགས་དང་ཐུག་ནས་བསམ་ཚུལ་བརྗེ་རེས་བྱས། ཝུའུ་ཞའོ་ཅུན་གྱིས་བཤད་རྒྱུར། ཧྲིན་ཀྲིན་ནི་རང་རྒྱལ་གྱི་བཅོས་སྒྱུར་སྒོ་འབྱེད་ཀྱི་སྒེའུ་ཁུང་ལྟ་བུ་དང་། ཕྱོགས་སྡུས་བཅོས་སྒྱུར་གྱི་ཚོད་ལྟ་ཁུལ་དང་སྣེ་ཁྲིད་མཁན་ཡིན་པའི་ཆ་ནས། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མཛུབ་སྟོན་དགོངས་དོན་གལ་ཆེན་དང་ཏང་ཀྲུང་དབྱང་གི་ཇུས་ཆོད་བཀོད་སྒྲིག་གལ་ཆེན་ལག་བསྟར་དང་དངོས་འབེབས་གཏིང་ཟབ་བྱས་པ་དང་། ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་སྔོན་སྐྱོད་དཔེ་སྟོན་ཁུལ་མྱུར་དུ་སྐྲུན་བཞིན་ཡོད་ལ། ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་གྱི་འཛུགས་སྐྲུན་ཁྲོད་སྔོན་གྲལ་དུ་སྐྱོད་བཞིན་ཡོད་པར་མ་ཟད་དཔའ་ངར་ཆེན་པོས་རྩེ་གྲས་སུ་ཐོན་པར་བྱས་པས། འཕེལ་རྒྱས་གྲུབ་འབྲས་ལ་ཀུན་གྱིས་བསྟོད་བསྔགས་བྱེད་འོས་ཤིང་། མཚོ་སྔོན་གྱིས་ནན་ཏན་སྒོས་སློབ་སྦྱོང་དང་དཔེ་ལྟ་བྱེད་རིན་ཡོད། མིག་སྔར། མཚོ་སྔོན་བློ་བརྟན་འགྱུར་མེད་ཀྱིས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་བསྟན་པའི་ཁ་ཕྱོགས་བརྒྱུད་དེ་དཔའ་སྐྱེད་མདུན་སྐྱོད་བྱེད་བཞིན་ཡོད། ཤུགས་ཆེན་པོས་སྐྱེ་ཁམས་དཔལ་ཡོན་གྱི་མཐོ་ས་བསྐྲུན་པ་དང་ཐོན་ལས་ཀྱི་གནས་བཞི་འཛུགས་སྐྲུན་བྱེད་བཞིན་ཡོད་ལ། ནུས་ཤུགས་གཅིག་བསྡུས་ཀྱིས་ལྷད་མེད་རྩིས་ནུས་ཐོན་ལས་ཀྱི་རྟེན་གཞི་བསྐྲུན་པ་དང་། ཡུལ་བབ་དང་བསྟུན་ནས་ཐོན་སྐྱེད་ནུས་ཤུགས་གསར་མ་འཕེལ་རྒྱས་གཏོང་བཞིན་ཡོད་པར་མ་ཟད། དེང་རབས་ཅན་གྱི་མཚོ་སྔོན་གསར་པ་མྱུར་དུ་འཛུགས་སྐྲུན་བྱེད་བཞིན་ཡོད། ཧྲིན་ཀྲིན་གྲོང་ཁྱེར་བར་གྱི་གཞི་གྲངས་ཆེན་མོ་དང་། དག་གཙང་ནུས་ཁུངས་གསར་སྤེལ། གསོག་ནུས་ལག་རྩལ་གསར་གཏོད། ལྷད་མེད་རྩིས་ནུས་འཕེལ་རྒྱས་སོགས་ཁྱབ་ཁོངས་ཀྱི་དངོས་གཉེར་མཉམ་ལས་སྔར་ལས་གཏིང་ཟབ་ཏུ་བཏང་ནས། རིམ་པ་སྔར་ལས་མཐོ་ཞིང་ཁྱབ་ཁོངས་སྔར་ལས་ཡངས་པའི་གཉིས་ཕན་མཉམ་རྒྱལ་གྱི་འཕེལ་རྒྱས་ལ་སྐུལ་འདེད་བཏང་སྟེ། ས་ཁུལ་གཉིས་ཀྱི་མཉམ་ལས་ཀྱི་ལེའུ་གསར་པ་མཉམ་དུ་རྩོམ་པའི་རེ་ལྟོས་ཆེ་ཞེས་བཤད།

ཐན་ཝེ་ཀྲུང་གིས་ཧྲིན་ཀྲིན་གྲོང་ཁྱེར་སྲིད་གཞུང་གི་ཚབ་བྱས་ཏེ་མཚོ་སྔོན་ཞིང་ཆེན་གྱི་འཐུས་ཚབ་ཚོགས་པར་དགའ་བསུ་བྱས་ཤིང་། མཚོ་སྔོན་གྱིས་དུས་ཡུན་རིང་བོར་ཧྲིན་ཀྲིན་གྱི་བཅོས་སྒྱུར་སྒོ་འབྱེད་དང་། གསར་གཏོད་འཕེལ་རྒྱས་ཐད་རྒྱབ་སྐྱོར་ཆེན་པོ་བྱས་པར་བཀའ་དྲིན་ཆེ་ཞུས་པར་མ་ཟད། མཚོ་སྔོན་གྱིས་སྤུས་ཚད་མཐོ་བའི་འཕེལ་རྒྱས་དང་དེང་རབས་ཅན་འཛུགས་སྐྲུན་ཐད་ནས་བླངས་པའི་གྲུབ་འབྲས་ལ་བསྟོད་བསྔགས་བྱས་པ་དང་རྟེན་འབྲེལ་ཞུས། ཐན་ཝེ་ཀྲུང་གིས་བཤད་རྒྱུར། ཧྲིན་ཀྲིན་གྲོང་ཁྱེར་གྱིས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་དུས་རབས་གསར་པར་ནུབ་རྒྱུད་གསར་སྤེལ་ཆེན་མོར་སྐུལ་འདེད་གཏོང་བའི་བཞུགས་མོལ་ཚོགས་འདུའི་སྟེང་གནང་བའི་གསུང་བཤད་ཀྱི་དགོངས་དོན་གལ་ཆེན་སློབ་སྦྱོང་དང་ལག་བསྟར་གཏིང་ཟབ་བྱས་ཏེ། འཕེལ་རྒྱས་ཀྱི་རྣམ་པ་གསར་པར་རང་འགུལ་གྱིས་ཞབས་འདེགས་ཞུ་བ་དང་དེར་འདྲེས་པར་བྱས་ཡོད་ལ། མཚོ་སྔོན་བར་བརྗེ་རེས་དང་ཕན་ཚུན་དཔེ་ལྟ་བྱེད་པར་སྔར་ལས་ཤུགས་བསྣན་ནས། ནུས་ཁུངས་གསར་པ་དང་ལྷད་མེད་རྩིས་ནུས། ཚན་རྩལ་གསར་གཏོད། བློ་གྲོས་གྲོང་ཁྱེར། རིག་གནས་ཡུལ་སྐོར་སོགས་ཁྱབ་ཁོངས་ཀྱི་གཉིས་ཕན་མཉམ་རྒྱལ་གྱི་མཉམ་ལས་གཏིང་ཟབ་ཏུ་གཏོང་བ་དང་། ཐོན་སྐྱེད་ནུས་ཤུགས་གསར་མ་མཉམ་དུ་གསོ་སྐྱོང་དང་འཕེལ་རྒྱས་གཏོང་བ། ལག་རྡང་མཉམ་སྦྲེལ་གྱིས་ཁུལ་ཁོངས་མཐུན་སྦྱོར་འཕེལ་རྒྱས་ལ་སྐུལ་འདེད་བཏང་ནས་ཆུ་ཚད་སྔར་ལས་མཐོ་བར་བསྐྱོད་དེ། ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་གྱིས་རྒྱལ་ཁབ་སྟོབས་ལྡན་འཛུགས་སྐྲུན་བྱེད་པར་ཕྱོགས་ཡོངས་ནས་སྐུལ་འདེད་གཏོང་བ་དང་། མི་རིགས་བསྐྱར་དར་ཐད་བྱས་རྗེས་གསར་པ་སྔར་ལས་མང་བོ་འཇོག་རྒྱུ་ཡིན་ཞེས་བཤད།

རྟོག་ཞིབ་སློབ་སྦྱོང་བྱེད་སྐབས།  རང་ཞིང་གི་འཐུས་ཚབ་ཚོགས་པ་སྔ་གཞུག་ཏུ་ཆན་ཧའེ་ཧྲིན་ཀང་དེང་རབས་ཞབས་ཞུ་ལས་རིགས་མཉམ་ལས་ཁུལ་དང་། ཧི་ཐའོ་ཧྲིན་ཀང་ཚན་རྩལ་གསར་གཏོད་མཉམ་ལས་ཁུལ། ཧྲིན་ཀྲིན་གྲོང་ཁྱེར་སྲིད་གཞུང་དོ་དམ་ཞབས་ཞུ་བཀོད་འདོམས་ལྟེ་གནས་སོགས་སུ་སོང་ནས་གྲོང་ཁྱེར་དང་གླིང་ཁུལ་འཆར་འགོད་འཛུགས་སྐྲུན། ཐོན་ལས་ཚན་རྩལ་མཉམ་འདྲེས་འཕེལ་རྒྱས། ཚོང་གཉེར་ཁོར་ཡུག་ལེགས་སྒྱུར་བྱེད་པ། བློ་གྲོས་གྲོང་ཁྱེར་འཁོར་སྐྱོད་བྱེད་པ། གཞི་གྲངས་སྲིད་གཞུང་འཛུགས་པ་སོགས་ཕྱོགས་ཀྱི་བྱེད་ཐབས་བཟང་བོར་རྒྱུས་ལོན་ཞིབ་མོ་བྱས་པར་མ་ཟད་རྟོག་ཞིབ་སློབ་སྦྱོང་བྱས་ཤིང་། བསམ་ཞིབ་ཆ་འཕྲིན་ཚན་རྩལ་དང་། ཡུན་ཐེན་ལིས་ཧྥེ། ཏ་ཧྲི་རིག་ནུས་སོགས་ཁེ་ལས་གྲགས་ཅན་དུ་ཡུལ་དངོས་ནས་མིས་བཟོས་རིག་ནུས་དང་། AIཉིང་ལྷེབ། གཞི་རྒྱ་ཆེ་བའི་སྩོལ་ནུས་སྒྲིག་བཟོ་ཐོན་ལས་དང་དངོས་ཟོང་མཉམ་འབྲེལ་དྲ་བའི་ལག་རྩལ་སོགས་ཀྱིས་བློ་གྲོས་འཛུགས་སྐྲུན་དང་། བློ་གྲོས་སྨན་བཅོས། བློ་གྲོས་འགྲིམ་འགྲུལ། གཞི་གྲངས་ལྟེ་གནས་སོགས་ཁྱབ་ཁོངས་སུ་ཐོན་པའི་གསར་གཏོད་གྲུབ་འབྲས་དང་། དཔེ་མཚོན་བཀོལ་སྤྱོད་དཔེ་གཞི་ལ་རྟོག་ཞིབ་བྱས་པ་དང་། འབྲེལ་ཡོད་ཁེ་ལས་ཀྱི་འགན་ཁུར་མི་སྣ་དང་བསམ་ཚུལ་བརྗེ་རེས་བྱས་པ་དང་། མཉམ་ལས་ཁ་ཕྱོགས་ལ་གྲོས་མོལ་བྱས་པར་མ་ཟད། མཉམ་ལས་རྣམ་གྲངས་སྦྲེལ་མཐུད་བྱས།

ཀོང་ཏུང་ཞིང་ཆེན་གྱི་མགོ་ཁྲིད་ལིན་ཐའོ་དང་། མཚོ་སྔོན་ཞིང་ཆེན་གྱི་མགོ་ཁྲིད་ལིའུ་ཐའོ་གཉིས་འབྲེལ་ཡོད་བྱེད་སྒོར་ཞུགས།

རིག་འཛིན་སྒྲོལ་མས་བསྒྱུར།