ཁྲིན་ཀང་གིས་ཡུས་ཧྲུའུ་ཁུལ་དུ་རྟོག་ཞིབ་བྱས།
2024.04.29 ཁུངས། མཚོ་སྔོན་གསར་འགྱུར་དྲ་བ། ཀློག་གྲངས། 0

ཟླ4པའི་ཚེས28ཉིན། ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི། ཞིང་ཆེན་དམངས་འཐུས་ཚོགས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རིན་ཁྲིན་ཀང་ཡུས་ཧྲུའུ་བོད་རིགས་རང་སྐྱོང་ཁུལ་ཡུས་ཧྲུའུ་གྲོང་ཁྱེར་དང་ཁྲི་འདུ་རྫོང་དུ་སོང་ནས་རྟོག་ཞིབ་བྱེད་སྐབས་ནན་གྱིས་བསྟན་དོན། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མཚོ་སྔོན་གྱི་བྱ་བའི་ཐད་ཀྱི་བླང་བྱ་གལ་ཆེན་སློབ་སྦྱོང་དང་ལག་ལེན་མཐར་ཕྱིན་བྱེད་པ་དང་། ལས་བྱེད་པས་སྒྲུབ་དགོས་པ་དང་བསམ་ཕྱོགས་གསལ་དགོས་པ། རང་གཅུན་དམ་དགོས་པའི་རེ་བ་ལག་བསྟར་བྱེད་པ། ཏང་གི་སྒྲིག་ཁྲིམས་སློབ་སྦྱོང་སློབ་གསོའི་གྲུབ་འབྲས་ལས་སྒྲུབ་ལས་སྐྲུན་གྱི་གྲུབ་འབྲས་སུ་བསྒྱུར་ནས། སྤྱོད་ཚུལ་ནན་མོས་དཔལ་འབྱོར་སྤྱི་ཚོགས་འཕེལ་རྒྱས་སུ་གཏོང་བའི་བྱ་བ་སྣ་ཚོགས་དམ་འཛིན་བྱེད་པར་གཅིག་འདོམས་བྱེད་དགོས།

ཁྲིན་ཀང་ཁྲི་འདུ་རྫོང་ཞེའུ་གྲོང་རྡལ་ཕྱུགས་ལས་སྡེ་བའི་ངང་པ་ལ་སྐྱེ་ཁམས་ཕྱུགས་ལས་མཉམ་ལས་ཁང་དང་འབྲོག་ཁྱིམ་དུ་སོང་ནས། སྡེ་བའི་ཐུན་མོང་དཔལ་འབྱོར་དང་སྐྱེ་ཁམས་ཕྱུགས་ལས་འཕེལ་རྒྱས་སོགས་གནས་ཚུལ་ལ་རྒྱུས་ལོན་གསལ་བོ་བྱས། ཁྲིན་ཀང་གིས་ས་དེའི་རྨང་གཞི་གཅིག་དང་འདེགས་སྐྱོར་གསུམ་གྱི་སྐྱེ་ཁམས་ཕྱུགས་ལས་འཕེལ་རྒྱས་ཀྱི་ཁ་ཕྱོགས་ཁས་ལེན་གང་ལེགས་བྱས་པ་དང་། མཉམ་ལས་ཁང་གི་རྩྭ་ར་དང་ཕྱུགས་ཟོག ངལ་རྩོལ་པའི་གཅིག་བསྡུས་དགེ་མཚན་འདོན་སྤེལ་བྱེད་པ་དང་། ཞིང་ཆེན་ནང་ཁུལ་གྱི་ཚོང་ར་འཕེལ་རྒྱས་སུ་གཏོང་བ་དང་ཞིང་ཆེན་ཕྱིའི་ཚོང་ར་རྒྱ་བསྐྱེད་པ། གནས་ཚུལ་དངོས་ལ་ཟུང་འབྲེལ་བྱས་ནས་ཐོན་ལས་དང་པོ་དང་གཉིས་པ། གསུམ་པ་མཉམ་བསྲེས་སྒོས་འཕེལ་རྒྱས་སུ་གཏོང་བར་སྐུལ་འདེད་བཏང་སྟེ། དབུལ་ཐར་མཁྲེགས་གཏོར་གྱི་གྲུབ་འབྲས་སྲ་བརྟན་དང་རྒྱ་སྐྱེད་གཏོང་བ་དང་གྲོང་གསེབ་དར་སྤེལ་གཉིས་ཕན་ཡོད་སྦྲེལ་མཐུད་བྱེད་པའི་ཐད་ནས་ཤུགས་ཆེན་པོ་འདོན་དགོས། སྦྲེལ་མཐུད་རོགས་སྐྱོར་གྱི་སྲིད་ཇུས་སྣ་ཚོགས་གནད་ལ་འཁེལ་བའི་སྒོ་ནས་ལག་བསྟར་བྱེད་པ་དང་། དབུལ་ཐར་མང་ཚོགས་ཀྱི་ནང་སྐྱེས་སྒུལ་ཤུགས་ཇེ་ཆེར་གཏོང་བ། བྱ་བའི་འགན་འཁྲི་གཏན་ཁེལ་གསལ་བོ་བྱེད་པ། ཐོན་ལས་དང་ལས་ཞུགས་རོགས་སྐྱོར་གྱི་ཕན་འབྲས་མཐོར་འདེགས་སུ་བཏང་ནས། དབུལ་ཐར་མང་ཚོགས་ཀྱིས་རྒྱུན་མཐུད་དང་བདེ་ཐང་། བརྟན་འཇགས་ངང་ཡོང་སྒོ་འཕར་སྣོན་བྱེད་པར་སྐུལ་འདེད་གཏོང་དགོས་པའི་རེ་བ་བཏོན།

ཁྲི་འདུ་རྫོང་སྒྲིག་ཁྲིམས་ཞིབ་བཤེར་ཨུ་ཡོན་ལྷན་ཁང་དང་ལྟ་ཞིབ་ཨུ་ཡོན་ལྷན་ཁང་དུ། ཁྲིན་ཀང་གིས་ཏང་གི་སྒྲིག་ཁྲིམས་སློབ་སྦྱོང་སློབ་གསོ་དང་ཕྱི་ཚུལ་རིང་ལུགས་བཅོས་སྐྱོང་བྱས་ནས་གཞི་རིམ་གི་ཁུར་བོ་ཇེ་ཡང་དུ་གཏོང་བ། མང་ཚོགས་ཉེ་འགྲམ་གྱི་ཚུལ་མིན་སྤྱོད་ཚུལ་དང་རུལ་སུངས་གནད་དོན་བཅོས་སྐྱོང་བྱེད་པ་སོགས་ཀྱི་བྱ་བ་སྤེལ་བའི་གནས་ཚུལ་ལ་རྒྱུས་ལོན་ཟབ་མོ་བྱས། ཁྲིན་ཀང་གིས་ནན་གྱིས་བསྟན་དོན། ཏང་གཤིས་ཏང་སྲོལ་དང་ཏང་གི་སྒྲིག་ཁྲིམས་མཉམ་འཛིན་བྱེད་པ་རྒྱུན་འཁྱོངས་བྱེད་པ་དང་། རིམ་པ་དང་རིགས་བགོས་ནས་ཏང་གི་སྒྲིག་ཁྲིམས་སློབ་སྦྱོང་སློབ་གསོ་སྤེལ་ནས། ཏང་ཡོན་ལས་བྱེད་པས་སྒྲིག་ཁྲིམས་སློབ་སྦྱོང་བྱེད་པ་དང་སྒྲིག་ཁྲིམས་ཤེས་པར་བྱེད་པ། སྒྲིག་ཁྲིམས་ལ་རྒྱུས་ལོན་བྱེད་པ། སྒྲིག་ཁྲིམས་བརྩི་སྲུང་བྱེད་པར་སློབ་གསོ་སྣེ་ཁྲིད་བྱེད་དགོས། མང་ཚོགས་ཀྱིས་དོ་སྣང་ཆེན་པོ་བྱེད་པའི་འབུར་ཐོན་གནད་དོན་སྐོར་ཞིག་ལ་ཞིབ་བཤེར་ཐག་གཅོད་ནན་མོ་བྱེད་པ་དང་། སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ་ཀྱི་རྒྱུན་རྣམ་ཅན་གྱི་ལྟ་སྐུལ་དོ་དམ་དང་འགན་འཁྲི་རྩད་གཅོད་བྱ་བ་སྤེལ་ནས། ཏང་ཕྱོགས་ཡོངས་ནས་བཅོས་སྐྱོང་ནན་མོ་བྱེད་པའི་ཐད་སྔར་ལས་གཟབ་ནན་གྱི་བརྡ་རྟགས་སྟོན་དགོས། ཐབས་མང་མཉམ་སྤྱོད་ཀྱིས་གཞི་རིམ་གྱི་ཁུར་བོ་ཇེ་ཡང་དུ་གཏོང་བ་དང་། རྒྱ་ཆེའི་གཞི་རིམ་ལས་བྱེད་པའི་ལས་སྒྲུབ་ལས་སྐྲུན་གྱི་ངར་སེམས་དང་གསར་སྐྲུན་རང་བཞིན་སྔར་ལས་ཆེར་བསྐྱེད་དེ། བྱ་བ་བྲེལ་མྱུར་སྒོས་སྤེལ་བ་དང་གཟབ་ནན་སྒོས་སྤེལ་བ། ཞིབ་ཕྲའི་སྒོས་སྤེལ་བར་སྐུལ་འདེད་གཏོང་དགོས།

ཞེ་འཛངས་དགོན་པ་རུ། ཁྲིན་ཀང་གིས་དགོན་སྡེའི་གྲྭ་བཙུན་དང་དགོན་པར་སྡོད་པའི་ལས་བྱེད་པ། མི་དམངས་ཉེན་རྟོག་པ་བཅས་དང་བསམ་ཚུལ་བརྗེ་རེས་བྱས་པ་དང་། དགོན་སྡེའི་དོ་དམ་དང་མི་རིགས་མཐུན་སྒྲིལ་ཡར་ཐོན་གསར་འཛུགས་གནས་ཚུལ་ལ་རྒྱུས་ལོན་གསལ་བོ་བྱས་ནས་ནན་གྱིས་བསྟན་དོན། བོད་བརྒྱུད་ནང་བསྟན་ཆོས་ལུགས་ཀྲུང་གོ་ཅན་དུ་བསྒྱུར་བའི་ཁ་ཕྱོགས་རྒྱུན་འཁྱོངས་བྱེད་པ་དང་། ཁྲིམས་ལྟར་ཆོས་ལུགས་ལས་དོན་ལ་དོ་དམ་བྱེད་པ། ཏང་ལ་དགའ་བ་དང་རྒྱལ་ཁབ་ལ་དགའ་བ། ཆོས་ལུགས་ལ་དགའ་བའི་ཕུལ་བྱུང་སྲོལ་རྒྱུན་དར་སྤེལ་བཏང་ནས། ཆོས་ལུགས་ཞི་འཇམ་དང་སྤྱི་ཚོགས་འཆམ་མཐུན། མི་རིགས་འགྲིག་མཐུན་ཡོང་བར་སྐུལ་འདེད་གཏོང་དགོས།

ཡུས་ཧྲུའུ་ཞེའུ་སྤྱི་བདེ་ཞིབ་བཤེར་ས་ཚིགས་སུ། ཁྲིན་ཀང་གིས་ཞིབ་བཤེར་ས་ཚིགས་ཀྱི་འཁོར་རྒྱུག་དོ་དམ་གནས་ཚུལ་ལ་རྒྱུས་ལོན་བྱས་རྗེས་ནན་གྱིས་བསྟན་དོན། བདེ་འཇགས་མཚོ་སྔོན་འཛུགས་སྐྲུན་གྱི་གཅིག་ཅན་བཅུའི་བྱ་བའི་རེ་བ་ལྟར། འགན་འཁྲི་གཙོ་བོ་ཕྲག་ཏུ་ལེན་པ་དང་། སྒྲིག་ལམ་འཛུགས་སྐྲུན་དམ་འཛིན་བྱེད་པ། སྤྱོད་ཚུལ་བཟང་བོ་ཆགས་པར་བྱེད་པ། བདེ་འཇགས་ཀྱི་སྐབས་དང་བདེ་འཇགས་མིན་པའི་སྐབས་ཀྱི་བྱ་བ་ཟུང་འབྲེལ་བྱེད་པར་དོ་སྣང་བྱས་ཏེ། འགོག་ཟོན་དང་ཁ་གཏད་འཇལ་བ། ཉེན་ཁ་ཐག་གཅོད་པའི་ནུས་པ་དང་ཆུ་ཚད་མཐོར་འདེགས་སུ་གཏོང་དགོས།

ཡུས་ཧྲུའུ་གྲོང་ཁྱེར་བདུད་འདུལ་ཕུག་པའི་གནའ་ཤུལ་དུ། ཁྲིན་ཀང་གིས་གནའ་དཔྱད་དང་རིག་དངོས་སྲུང་སྐྱོབ་གནས་ཚུལ་ལ་རྒྱུས་ལོན་གསལ་བོ་བྱས། ཁོས་མཚོ་སྔོན་གྱི་རིག་གནས་ཤུལ་བཞག་གི་རིན་ཐང་ལ་ངོས་འཛིན་གང་ལེགས་བྱེད་པ་དང་། གནའ་དཔྱད་དང་རིག་གནས་ཤུལ་བཞག་སྲུང་སྐྱོབ་བྱེད་ཤུགས་རྒྱུན་མཐུད་ངང་ཇེ་ཆེར་གཏོང་བ། ཞིབ་འཇུག་དང་འགྲེལ་བཤད་བྱ་བ་སྔར་ལས་བཟང་བོར་སྒྲུབ་པ། ཀྲུང་ཧྭའི་རིག་གནས་ཀྱི་འབྱུང་རྩ་འཚོལ་བ། རིག་གནས་རང་རྟོན་ཇེ་དྲག་ཏུ་བཏང་སྟེ། ཀྲུང་ཧྭ་མི་རིགས་ཀྱི་དེང་རབས་དཔལ་ཡོན་འཛུགས་སྐྲུན་བྱེད་ཆེད་བྱས་རྗེས་འཇོག་དགོས་ཞེས་ནན་གྱིས་བསྟན།

ཀྲུའུ་ཞང་ཧྥིན་རྟོག་ཞིབ་ལ་ཞུགས།

རིན་ཆེན་མཚོས་བསྒྱུར།