
ཟླ4པའི་ཚེས28ཉིན། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་རྒྱུན་ལས་ཨུ་ཡོན། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་ལིས་ཆང་གིས2024ལོའི་པེ་ཅིང་རྒྱལ་སྤྱིའི་རླངས་འཁོར་འགྲེམས་སྟོན་ཚོགས་འདུར་རྟོག་ཞིབ་གནང་། ཁོང་གིས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་རླངས་འཁོར་ཐོན་ལས་ཀྱི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་སྐོར་གྱི་མཛུབ་སྟོན་གལ་ཆེན་དོན་འཁྱོལ་ཟབ་མོ་བྱས་ནས། རིག་ནུས་དྲ་སྦྲེལ་ནུས་ཁུངས་གསར་པའི་རླངས་འཁོར་འཕེལ་རྒྱས་ཤུགས་ཆེན་གཏོང་བ་དང་། ཚན་རྩལ་གསར་གཏོད་ལ་བརྟེན་ནས་ཐོན་ལས་གསར་གཏོད་ལ་སྣེ་ཁྲིད་བྱ་རྒྱུ་རྒྱུན་འཁྱོངས་བྱེད་པ། སྒོ་འབྱེད་མཉམ་ལས་ཟབ་སྤེལ་བྱེད་པ། རླངས་འཁོར་ཐོན་ལས་རྩེར་སོན་ཅན་དང་རིག་ནུས་ཅན། ལྗང་མདོག་ཅན་བཅས་ཀྱི་རིམ་སྤོར་ལ་སྐུལ་འདེད་བཏང་ནས། ཁྲོམ་རའི་དགོས་མཁོ་སྔར་ལས་ལེགས་པའི་སྒོ་ནས་སྐོང་རྒྱུ་དང་གསར་གཏོད་བྱ་རྒྱུར་རྩེ་གཅིག་ཏུ་འབད་དགོས་ཞེས་ནན་གྱིས་གསུངས།
ལིས་ཆང་གིས་རླངས་འཁོར་འགྲེམས་སྟོན་ལ་བལྟས་རྗེས་སྐུལ་མ་ཆེན་པོ་ཐེབས་བྱུང་། རང་རྒྱལ་གྱི་རིག་ནུས་དྲ་སྦྲེལ་ནུས་ཁུངས་གསར་པའི་རླངས་འཁོར་འཕེལ་རྒྱས་ཀྱི་རྣམ་པ་བཟང་བོ་མངོན་པ་དང་། ལྷག་པར་དུ་ཐོན་ལས་མ་ལག་འཐུས་ཚང་དང་རྒྱུན་མཐུད་གསར་གཏོད་ལ་བརྟེན་ནས། ཁྲོམ་རའི་འགྲན་རྩོད་དང་སྒོ་འབྱེད་མཉམ་ལས་ཁྲོད་སྔོན་ཐོན་དགེ་མཚན་བསྐྲུན་ཡོད་པས། མུ་མཐུད་འབད་བརྩོན་བྱས་ཏེ་ལེགས་ཆ་དེ་རྒྱུན་འཁྱོངས་དང་འཕེལ་རྒྱས་ཡག་པོ་ཡོང་བར་འབད་དགོས་ཞེས་གསུངས། ཁོང་གིས་དེང་གི་རླངས་འཁོར་ཐོན་རྫས་ནི་སྔོན་ཆད་དང་གཏན་ནས་མི་འདྲ་བར། དེ་ནི་འགྲིམ་འགྲུལ་ཡོ་བྱད་ཁོ་ན་ཞིག་མིན་པར་ལག་རྩལ་སྣ་ཚོགས་ཕྱོགས་བསྡུས་བེད་སྤྱོད་ཀྱི་མཉམ་འདུས་མ་ལག་ཅིག་ཡིན། རིག་ནུས་དྲ་སྦྲེལ་ནུས་ཁུངས་གསར་པའི་རླངས་འཁོར་ནི་འཕྲུལ་ཆས་ཚོགས་པ་དང་གློག་རྡུལ། ཞིབ་རྩིས། ཚོར་རྟོགས། ལྟ་ཉན། ནུས་གསོག་སོགས་ལག་རྩལ་མང་པོ་གཞི་གཅིག་ཏུ་འདུས་པའི“མཐའ་སྣེ་ཆེ་གྲས”ཡིན་པས། རླངས་འཁོར་ཐོན་ལས་ཚུལ་སྒྱུར་རིམ་སྤོར་གྱི་ཁ་ཕྱོགས་གཙོ་བོར་གྱུར་ཡོད་པའི་དབང་གིས། དེར་འཕེལ་རྒྱས་ཀྱི་མདུན་ལམ་ཧ་ཅང་ཆེན་པོ་ལྡན། རྒྱ་ཆེའི་རླངས་འཁོར་ཁེ་ལས་ཀྱིས་གསར་གཏོད་སྒུལ་ཤུགས་སུ་བརྩི་རྒྱུ་དང་དགོས་མཁོ་ཁྲིད་སྟོན་དུ་འཛིན་པ། སྤུས་ཚད་རྩ་བར་འཛིན་པ། འགག་རྩ་དང་ལྟེ་བར་གྱུར་པའི་ལག་རྩལ་མཁྲེགས་གཏོར་བྱེད་ཤུགས་ཇེ་ཆེར་གཏོང་བ། ཐོན་ལས་ཕྲེང་འབྲེལ་གྱི་མཐུན་སྦྱོར་བྱེད་ཤུགས་ཇེ་ཆེར་གཏོང་བ། རིག་ནུས་བཟོ་སྐྲུན་ཆུ་ཚད་ཇེ་མཐོར་གཏོང་བ་བཅས་བྱེད་དགོས་པ་དང་མཉམ་དུ། རྒྱང་ལྟའི་རང་བཞིན་གྱི་ལག་རྩལ་ཞིབ་འཇུག་གསར་སྤེལ་བཀོད་སྒྲིག་ལ་ཤུགས་བསྣན་ཏེ། རླངས་འཁོར་ཐོན་ལས་ཀྱི་སྤུས་ཚད་ཟམ་མི་ཆད་པར་ཇེ་མཐོར་གཏོང་རྒྱུར་སྐུལ་འདེད་བཏང་ནས། འཛམ་གླིང་ཧྲིལ་པོའི་ལྗང་མདོག་ཐཱན་ཉུང་ཚུལ་སྒྱུར་ལ་ལེགས་སྐྱེས་གང་ལེགས་འབུལ་རྒྱུའི་རེ་ལྟོས་ཆེ་ཞེས་གསུངས།
ལིས་ཆང་གིས་མིག་སྔར་ཀྲུང་གོ་དང་འཛམ་གླིང་ཧྲིལ་པོའི་ནུས་ཁུངས་གསར་པའི་རླངས་འཁོར་ཁྲོམ་ར་རྒྱུན་མཐུད་ངང་འཕར་བཞིན་ཡོད་པས། དགོས་མཁོའི་བར་སྟོང་ཧ་ཅང་ཆེན་པོ་ལྡན། རིག་ནུས་དྲ་སྦྲེལ་ནུས་ཁུངས་གསར་པའི་རླངས་འཁོར་ནི་ཚད་ངེས་ཅན་ཞིག་གི་སྟེང་ནས་བཤད་ན། འཛམ་གླིང་ཧྲིལ་པོའི་ཐོན་ལས་མཉམ་ལས་ཀྱི་ཐོན་དངོས་ཤིག་ཡིན་པས། འབྱུང་འགྱུར་འཕེལ་རྒྱས་གཏོང་བར་ཕྱོགས་སོ་སོས་ལེགས་ཆ་འདོན་སྤེལ་དང་ལས་བགོས་མཉམ་ལས་གཏིང་ཟབ་བྱེད་དགོས། ཀྲུང་གོས་རྒྱལ་ཡོངས་ཀྱི་གཅིག་གྱུར་ཚོང་ར་ཆེན་མོ་འཛུགས་སྐྲུན་ལ་སྔར་ལས་སྐུལ་འདེད་གཏོང་བ་དང་། ཆུ་ཚད་མཐོ་བའི་ཕྱི་ཕྱོགས་སྒོ་འབྱེད་རྒྱ་སྐྱེད་གཏོང་བ། ཚོང་རར་ཞུགས་ཆོག་པའི་སྲིད་ཇུས་མུ་མཐུད་ཇེ་ལྷོད་དུ་གཏོང་བ། ཉོ་ཚོང་དངུལ་གཏོང་རང་མོས་ཅན་དང་སྟབས་བདེ་ཅན་དུ་འགྱུར་བར་སྐུལ་འདེད་གཏོང་བ་བཅས་བྱས་ཏེ། རང་རྒྱལ་དང་ཕྱི་རྒྱལ་གྱི་དངུལ་གཏོང་ཁེ་ལས་ལ་ལྟ་སྟངས་གཅིག་མཚུངས་འཛིན་པ། ཀྲུང་གོ་དང་ཕྱི་རྒྱལ་གྱི་རླངས་འཁོར་ཁེ་ལས་ཀྱིས་མ་རྩ་དང་ལག་རྩལ། དོ་དམ། འཇོན་མི་སོགས་ཀྱི་ངོས་ནས་བརྗེ་རེས་མཉམ་ལས་རྒྱ་ཁྱབ་ཏུ་སྤེལ་རྒྱུར་སྐུལ་འདེད་གཏོང་བ། ཀྲུང་གོའི་ཁྲོམ་རའི་གོ་སྐབས་མཉམ་སྤྱོད་བྱས་ཏེ། ཚན་རྩལ་གསར་བརྗེ་དང་ཐོན་ལས་འཕོ་འགྱུར་ཁྲོད་ཐུན་མོང་འཕེལ་རྒྱས་དང་གཉིས་ཕན་གཉིས་རྒྱས་མངོན་འགྱུར་བྱེད་དགོས་ཞེས་ནན་གྱིས་གསུངས།
ལིས་ཆང་གིས་མིག་སྔར་རང་རྒྱལ་གྱིས་རེས་སྐོར་གསར་པའི་གཞི་ཁྱོན་ཆེ་བའི་སྒྲིག་ཆས་གསར་སྒྱུར་དང་འཛད་སྤྱོད་དངོས་རྫས་རྙིང་པ་གསར་བརྗེ་ཡི་ལས་དོན་སྤེལ་བཞིན་ཡོད། རླངས་འཁོར་ཐོན་ལས་ཀྱིས་དངུལ་གཏོང་རྒྱ་སྐྱེད་དང་འཛད་སྤྱོད་ལ་སྐུལ་འདེད་གཏོང་བའི་ཐད་འདོན་གྱིན་པའི་སྐུལ་ཁྲིད་ནུས་པ་སྔར་ལས་འདོན་སྤེལ་གང་ལེགས་བྱས་ཏེ། སྤུས་ལེགས་རླངས་འཁོར་ཐོན་རྫས་སྔར་ལས་གང་མང་སྡོད་དམངས་ཀྱི་འཚོ་བའི་ཁྲོད་ཐོན་དུ་འཇུག་དགོས། ཉོ་སྒྲུབ་དང་བེད་སྤྱོད་ལ་རྒྱབ་སྐྱོར་བྱེད་པའི་སྲིད་ཇུས་དོན་འཁྱོལ་ཡག་པོ་བྱས་ཏེ། གློག་གསོག་རྨང་གཞིའི་སྒྲིག་ཆས་ཀྱི་དྲ་རྒྱའི་མ་ལག་མགྱོགས་མྱུར་ངང་འཛུགས་རྒྱུ་དང་། བྱེད་ཐབས་མང་པོ་སྤྱད་དེ་འཛད་སྤྱོད་ཁོར་ཡུག་སྔར་ལས་ཇེ་ལེགས་སུ་གཏོང་བ་དང་འཛད་སྤྱོད་ཀྱི་སྤྲོ་སེམས་སྒོ་ཀུན་ནས་འཕེལ་བར་བྱས་ཏེ། རླངས་འཁོར་སོགས་ཚོང་ཟོག་འབོར་ཆེན་གྱི་འཛད་སྤྱོད་སྦས་ཤུགས་སྔར་ལས་སྔོན་འདོན་བྱེད་དགོས་ཞེས་གསུངས།
ཝུའུ་ཀྲིན་ལུང་རྟོག་ཞིབ་ལ་ཞུགས།
བན་དེ་སྐྱབས་ཀྱིས་བསྒྱུར།