མཚོ་སྔོན་ཞིང་ཆེན་ལྷད་མེད་རྩིས་ནུས་ཀྱི་ཚོང་འགུག་དངུལ་འདྲེན་བཞུགས་མོལ་ཚོགས་འདུ་ཧྲིན་ཀྲིན་ཏུ་བསྡུས་པ་དང་ཝུའུ་ཞའོ་ཅུན་གྱིས་ཞུ་ཚིག་ཕུལ།
2024.04.30 ཁུངས། མཚོ་སྔོན་ཉིན་རེའི་ཚགས་པར། ཀློག་གྲངས། 0

ཟླ4པའི་ཚེས29ཉིན་གྱི་ཕྱི་དྲོར། མཚོ་སྔོན་ཞིང་ཆེན་ལྷད་མེད་རྩིས་ནུས་ཀྱི་ཚོང་འགུག་དངུལ་འདྲེན་བཞུགས་མོལ་ཚོགས་འདུ་ཧྲིན་ཀྲིན་ཏུ་བསྡུས་ཏེ། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་ཤར་ནུབ་རྒྱུད་མཉམ་ལས་དང་དུས་རབས་གསར་པར་ནུབ་རྒྱུད་གསར་སྤེལ་ཆེན་མོའི་སྐོར་གྱི་མཛུབ་སྟོན་གལ་ཆེན་གྱི་དགོངས་དོན་ལག་བསྟར་དང་དངོས་འབེབས་གཏིང་ཟབ་བྱེད་པ་དང་།  དག་གཙང་ནུས་ཁུངས་དང་ལྷད་མེད་རྩིས་ནུས་མཉམ་སྲེས་འཕེལ་རྒྱས་དམིགས་སུ་བཟུང་ནས། མཉམ་ལས་རེ་འདུན་ལ་འཆར་གཞི་མཉམ་འགོད་བྱས་ཤིང་མཛེས་སྡུག་གི་མ་འོངས་པ་བསུ་བར་གླེང་མོལ་བྱས། ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི་གཞོན་པ། ཧྲིན་ཀྲང་ཝུའུ་ཞའོ་ཅུན་ཚོགས་འདུར་ཞུགས་ནས་ཞུ་ཚིག་ཕུལ།

ཝུའུ་ཞའོ་ཅུན་གྱིས་ཞུ་ཚིག་འབུལ་སྐབས་མཚོ་སྔོན་ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་སྲིད་གཞུང་། ཞིང་ཆེན་ཡོངས་ཀྱི་མི་དམངས་བཅས་ཀྱི་ཚབ་བྱས་ཏེ། དུས་ཡུན་རིང་བོར་མཚོ་སྔོན་གྱི་འཕེལ་རྒྱས་ཐད་ཐུགས་ཁུར་དང་རྒྱབ་སྐྱོར་གནང་བའི་ལས་རིགས་ཁག་གི་སྤུན་ཟླ་དང་ཁེ་ལས་ཚང་མར་བཀའ་དྲིན་ཞུས། ཝུའུ་ཞའོ་ཅུན་གྱིས་བཤད་རྒྱུར། མཛེས་པའི་མཚོ་སྔོན་ནི་གཅེས་སུ་འོས་པའི་གནས་མཆོག་ཅིག་སྟེ། འཛམ་གླིང་གི་སྒལ་ཚིགས་སྟེང་གྲོང་ངེར་འགྱིངས་ཤིང་། སའི་གོ་ལའི་སྣེ་གསུམ་པར་ཆགས་ཡོད་པ་དང་། རི་ཆུའི་འབྱུང་ཁུངས་ཀྱི་མཚན་སྙན་ཐོབ་ཡོད་ལ། སྐྱེ་ཁམས་ཀྱི་ཞིང་ཆེན་ཆེན་པོ་དང་ཐོན་ཁུངས་སྣ་འཛོམས་ཀྱི་ཞིང་ཆེན་ཆེན་པོ། འཐབ་ཇུས་གལ་ཆེན་གྱི་ཞིང་ཆེན་ཆེན་པོ་ཞིག་ཡིན་ཞིང་།  དག་གཙང་ནུས་ཁུངས་དང་ལྷད་མེད་རྩིས་ནུས་ཀྱི་གསོན་ཤུགས་རབ་ཏུ་རྒྱས་ཡོད། མཛེས་པའི་མཚོ་སྔོན་དེ་ད་ལྟ་ལོ་རྒྱུས་སྟེང་གི་འཕེལ་རྒྱས་ཀྱི་གོ་སྐབས་ཆེས་བཟང་བོར་འཕྲད་ཡོད་ལ། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་མཛུབ་སྟོན་གནང་བའི་ཁ་ཕྱོགས་སུ་བློ་རྩ་བརྟན་པོས་མདུན་སྐྱོད་བྱེད་བཞིན་ཡོད། ཆེས་ཆེ་བ་གསུམ་གྱི་ཞིང་ཆེན་གྱི་ངེས་གནས་དང་སྔར་ལས་གལ་ཆེ་བ་གསུམ་གྱི་འཐབ་ཇུས་ཀྱི་གོ་གནས་ལ་རྐང་བཙུགས་ཏེ། སྐྱེ་ཁམས་དཔལ་ཡོན་གྱི་མཐོ་ས་བསྐྲུན་པར་ཤུགས་སྣོན་བཞིན་པ་དང་། ཐོན་ལས་ཀྱི་གནས་བཞི་མགྱོགས་པོར་སྐྲུན་བཞིན་ཡོད་ལ། སྐྱེ་ཁམས་རིན་ཐང་གི་སྔོན་འདོན་དུས་སྐབས་དང་ཚུལ་སྒྱུར་འཕེལ་རྒྱས་ཀྱི་གོ་སྐབས། སྒོ་འབྱེད་མཉམ་ལས་ཀྱི་མཐོར་འདེགས་དུས་སྐབས་དང་འཁེལ་ཡོད། མཛེས་པའི་མཚོ་སྔོན་གྱིས་ལྷད་མེད་རྩིས་ནུས་ལ་བརྟེན་ནས་ཐོན་སྐྱེད་ནུས་ཤུགས་གསར་མ་གསོ་སྐྱོང་བྱེད་པར་ཤུགས་གཅིག་ཏུ་བསྡུས་ཤིང་། དུས་བདེ་གནས་ལེགས་དང་མི་སེམས་མཐུན་པའི་གོ་སྐབས་དམ་འཛིན་ཡང་དག་བྱས་ཏེ། ཤར་གྲངས་ནུབ་རྩིས་ཀྱི་རྒྱལ་ཁབ་ཀྱི་བཀོད་སྒྲིག་དང་རྒྱལ་ཡོངས་གཞི་གཅིག་ཅན་གྱི་རྩིས་ནུས་དྲ་བར་གཏིང་ཟབ་ཏུ་འདྲེས་པར་བྱེད་པ་དང་།  དག་གཙང་ནུས་ཁུངས་ཕུན་སུམ་ཚོགས་པ་དང་། ཐན་སྐམ་དང་གྲང་འཁྱགས། དྭངས་གཙང་གི་གནམ་གཤིས་སོགས་ཀྱི་དགེ་མཚན་ལ་གཞི་བཅོལ་ནས། ཞིང་ཆེན་དང་པུའུ་རིམ་པའི་མཉམ་འཛུགས་དང་། མཚོ་སྔོན་ཁ་གཏད་རོགས་སྐྱོར། ཤར་ནུར་རྒྱུད་མཉམ་ལས་བཅས་ཀྱི་ལས་དོན་གཏིང་ཟབ་ཏུ་སྤེལ་བ་དང་། ཞིང་ཆེན་ཡོངས་ཀྱི་ནུས་པར་བརྟེན་ནས་ནུབ་རྒྱུད་དུ་རྐང་འཛུགས་པ་དང་། རྒྱལ་ཡོངས་ལ་ཞབས་འདེགས་ཞུ་བའི་ལྷད་མེད་རྩིས་ནུས་ཐོན་ལས་ཀྱི་རྟེན་གཞི་བསྐྲུན་པ། སྒུལ་ནུས་གསར་པ་གསོ་སྐྱོང་དང་འཕེལ་རྒྱས་སུ་གཏོང་བ་དང་འཕེལ་རྒྱས་ཀྱི་འགྲན་ལམ་གསར་པ་བཏོད་པར་ཤུགས་འདོན་རྒྱུ་ཡིན། མཛེས་པའི་མཚོ་སྔོན་གྱིས་ཁེ་ལས་སོ་སོ་དང་ལག་གདང་མཉམ་སྦྲེལ་བྱས་ནས་མཉམ་ལས་གཉིས་རྒྱལ་བྱེད་པའི་རེ་ལྟོས་བྱས་ཡོད་ཅིང་། ཁེ་ལས་སྤུན་ཟླས་སྔར་ལས་ལྷག་པར་མཚོ་སྔོན་ལ་རྒྱུས་ལོན་བྱེད་པ་དང་། མཚོ་སྔོན་དར་སྤེལ་གཏོང་བར་དགའ་བསུ་ཞུ་བཞིན་ཡོད་ལ། ལྷད་མེད་རྩིས་ནུས་འཕེལ་རྒྱས་སུ་གཏོང་བ་དང་ལྷད་མེད་གློག་ནུས་འདོན་སྤྲོད་ལ་སྐུལ་འདེད་གཏོང་བ། ཚན་རྩལ་གསར་གཏོད་ཤུགས་དྲག་ཏུ་གཏོང་བ། མཉམ་འདྲེས་བཀོད་སྤྱོད་རྒྱ་བསྐྱེད་པ་སོགས་ཀྱི་མཉམ་ལས་ལ་ཤུགས་བསྣན་ཏེ། ལྷད་མེད་རྩིས་ནུས་ཐོན་ལས་ཀྱི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་ལེའུ་གསར་བ་མཉམ་དུ་འབྲི་འདོད་ཡོད་ཞེས་གསལ་བོར་བསྟན།

བཞུགས་མོལ་ཚོགས་འདུའི་སྟེང་། ཚོགས་ཞུགས་མི་སྣས་མཉམ་དུ་མཚོ་སྔོན་ཞིང་ཆེན་གྱི་གནས་ཚུལ་དྲིལ་སྒྲོག་བརྙན་ཐུང་ལ་བལྟས་ཤིང་། མཚོ་སྔོན་ཞིང་ཆེན་གཞི་གྲངས་ཅུའུ་ཡི་འགན་ཁུར་བློ་མཐུན་གྱིས་མཚོ་སྔོན་གྱི་ལྷད་མེད་རྩིས་ནུས་འཕེལ་རྒྱས་གནས་ཚུལ་མཚམས་སྦྱོར་བྱས་པ་དང་། འབྲེལ་ཡོད་ཁེ་ལས་ཀྱི་འཐུས་མིས་གཏམ་བཤད་པར་མ་ཟད། གཅིག་བསྡུས་ཀྱིས་མཉམ་ལས་རྣམ་གྲངས་སྐོར་ཞིག་གི་གྲོས་མཐུན་བཀོད་པ་དང་། སྤྱིའི་དམ་དངུལ་གཏོང་ཚད་སྒོར་ཐེར་ཆེན་གཅིག་ལས་བརྒལ།

ཧྲིན་ཀྲང་གཞོན་པ་ལིའུ་ཁྲའོ་ཡིས་མགོ་འཛིན་བྱས། ཞིང་ཆེན་ཐད་གཏོགས་འབྲེལ་ཡོད་སྡེ་ཁག་དང་། འབྲེལ་ཡོད་གྲོང་ཁྱེར་དང་ཁུལ། རྨང་གཞིའི་གློག་འཕྲིན་ཚོང་གཉེར་ཁེ་ལས། ཧྲིན་ཀྲིན་ས་ཁུལ་གྱི་ཁེ་ལས50ལྷག་དང་། འབྲེལ་ཡོད་ལས་ཁུངས་ཀྱི་འགན་ཁུར་མི་སྣ་བཅས་ཚོགས་འདུར་ཞུགས།

ཧྲིན་ཀྲིན་ཏུ་ཡོད་པའི་སྐབས་སུ། ཝུའུ་ཞའོ་ཅུན་སྔ་གཞུག་ཏུ་ཧྭ་ཝེ་དང་། ཡུག་པིས་ཞོན། ཀྲུང་ཞིན། ཐིན་ཞུན་སོགས་ཁེ་ལས་སུ་སོང་སྟེ་ཡུལ་དངོས་སུ་རྟོག་ཞིབ་དང་མཉམ་ལས་གྲོས་མོལ་བྱས།

རིག་འཛིན་སྒྲོལ་མས་བསྒྱུར།