ཁྲིན་ཀང་གིས་ཞིང་ཆེན་འགྲིམ་འགྲུལ་ཐིན་དང་ཞིང་ཆེན་རིག་གནས་ཡུལ་སྐོར་ཐིན། ཞིང་ཆེན་ཚོང་ར་ལྟ་སྐུལ་དོ་དམ་ཅུའུ་བཅས་སུ་རྟོག་ཞིབ་བྱས།
2024.04.30 ཁུངས། མཚོ་སྔོན་གསར་འགྱུར་དྲ་བ། ཀློག་གྲངས། 0

ལྔ་གཅིག་དུས་ཆེན་ཐོན་ལ་ཉེ་བའི་སྐབས་སུ། ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི། ཞིང་ཆེན་དམངས་འཐུས་ཚོགས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རིན་ཁྲིན་ཀང་ཞིང་ཆེན་འགྲིམ་འགྲུལ་སྐྱེལ་འདྲེན་ཐིན་དང་ཞིང་ཆེན་རིག་གནས་དང་ཡུལ་སྐོར་ཐིན། ཞིང་ཆེན་ཚོང་ར་ལྟ་སྐུལ་དོ་དམ་ཅུའུ་བཅས་ལ་སོང་ནས་རྟོག་ཞིབ་བྱས། ཁོས་ཡུལ་སྐོར་དུས་ཚིགས་གལ་ཆེན་ལ་ཧ་ཅང་མཐོང་ཆེན་བྱེད་པ་དང་སྟོབས་ཤུགས་ཡོད་རྒུས་ཡུལ་སྐོར་དུས་ཚིགས་གལ་ཆེན་བསུ་བ་དང་། གནད་དོན་ཁྲིད་ཕྱོགས་སུ་བྱས་ནས་མི་འདང་ས་འཚོལ་བ་དང་ཞན་ཆ་ཁ་གསབ་བྱེད་པ། སྐྱེ་ཁམས་དང་བདེ་འཇགས་ཀྱི་ཚད་མཐའ་བརྟན་སྲུང་བྱས་ནས། འགྲིམ་འགྲུལ་གེགས་མེད་ཤར་བགྲོད་ཡོང་བར་འགན་སྲུང་བྱེད་པ་དང་། ཚོང་རའི་མཁོ་འདོན་འགན་སྲུང་དང་དངོས་གོང་བརྟན་འཇགས་ཡོང་བར་བྱེད་པ། རིག་གནས་ཡུལ་སྐོར་བྱེད་སྒོ་འདོན་སྤྲོད་སོགས་ཀྱི་ཞབས་ཞུ་འགན་སྲུང་བྱ་བ་སྣ་ཚོགས་བཟང་བོར་སྒྲུབ་དགོས་ཞེས་ནན་གྱིས་བསྟན།

ཞིང་ཆེན་འགྲིམ་འགྲུལ་ཐིན་དུ། ཁྲིན་ཀང་གིས་ཞིང་ཆེན་ཡོངས་ཀྱི་འགྲིམ་འགྲུལ་སྐྱེལ་འདྲེན་བྱ་བ་དང་ལྔ་གཅིག་དུས་ཆེན་སྐབས་ཀྱི་ཡུལ་སྐོར་འགྲིམ་འགྲུལ་འགན་སྲུང་དང་བདེ་འཇགས་གནས་ཚུལ་ལ་རྒྱུས་ལོན་གསལ་བོ་བྱས། ཁོས་ནན་གྱིས་བསྟན་དོན། སྐྱེ་ཁམས་སྲུང་སྐྱོབ་གཙོར་འཛིན་པ་རྒྱུན་འཁྱོངས་བྱེད་པ་དང་། ལྗང་མདོག་འཕེལ་རྒྱས་ཀྱི་འདུ་ཤེས་གཞུང་ལམ་འཛུགས་སྐྲུན་དོ་དམ་གྱི་གོ་རིམ་ཧྲིལ་བོ་དང་འབྲེལ་ཐག་ཧྲིལ་བོའི་ཁྲོད་འདྲེས་པར་བྱས་ཏེ། གནས་ཚུལ་དངོས་ལ་ཟུང་འབྲེལ་བྱས་ནས་བགྲོད་ལམ་འཛུགས་སྐྲུན་དོ་སྲུང་བྱ་བ་བཟང་བོར་སྒྲུབ་དགོས། འགྲིམ་འགྲུལ་སྐྱེལ་འདྲེན་གྱི་སྔོན་སྐྱོད་སྣེ་ཁྲིད་ནུས་པ་འདོན་སྤེལ་བཟང་བོ་བྱེད་པ་དང་། འགྲིམ་འགྲུལ་དང་ཡུལ་སྐོར་མཉམ་བསྲེས་བྱེད་པར་སྐུལ་འདེད་གཏོང་བ། འགྲུལ་བ་དང་དངོས་ཟོང་སྐྱེལ་འདྲེན་ཞབས་ཞུའི་ཆུ་ཚད་མཐོར་འདེགས་སུ་བཏང་སྟེ། འགྲིམ་འགྲུལ་སྐྱེལ་འདྲེན་གྱི་ཡུལ་སྐོར་ཐད་ཀྱི་ཞབས་ཞུ་འགན་སྲུང་ནུས་པ་ཇེ་དྲག་ཏུ་གཏོང་དགོས། བདེ་འཇགས་ཐོན་སྐྱེད་ཀྱི་ལྟ་སྐུལ་དོ་དམ་ལ་ཤུགས་སྣོན་པ་དང་། འགྲིམ་འགྲུལ་བདེ་འཇགས་ཀྱི་འགན་འཁྲི་གཏན་ཁེལ་བྱེད་པ། འགྲིམ་འགྲུལ་བདེ་འཇགས་ཀྱི་བཅོས་སྐྱོང་ནུས་པ་ཇེ་དྲག་ཏུ་བཏང་ནས། བདེ་འཇགས་མཚོ་སྔོན་འཛུགས་སྐྲུན་བྱེད་པར་རོགས་ཤུགས་འདོན་དགོས། ཏང་གི་སྒྲིག་ཁྲིམས་སློབ་སྦྱོང་སློབ་གསོ་བརྟན་བརླིང་ངང་སྤེལ་བ་དང་། བཟོ་སྐྲུན་འཛུགས་སྐྲུན་ཁྱབ་ཁོངས་ཀྱི་ཚོང་འགུལ་དངུལ་འདྲེན་སོགས་བྱ་བར་བཅོས་སྐྱོང་བྱེད་པར་ཟུང་འབྲེལ་བྱེད་པ། དཔུང་སྡེ་དང་ལས་བྱེད་པར་དོ་དམ་ནན་མོ་བྱས་ཏེ། ཏང་ཕྱོགས་ཡོངས་ནས་བཅོས་སྐྱོང་ནན་མོ་བྱེད་རྒྱུ་དེ་འཕེལ་རྒྱས་ཟབ་མོ་གཏོང་བར་སྐུལ་འདེད་གཏོང་དགོས།

ཞིང་ཆེན་རིག་གནས་ཡུལ་སྐོར་ཐིན་དུ། ཁྲིན་ཀང་གིས་མཚོ་སྔོན་གྲངས་འཛིན་རིག་གནས་ཡུལ་སྐོར་གཞི་གྲངས་ཆེན་པོའི་སྟེགས་བུ་དང་བཀོད་འདོམས་བཀོད་གཏོང་ལྟེ་གནས་ནས། ལྔ་གཅིག་དུས་ཆེན་སྐབས་ཀྱི་ཡུལ་སྐོར་ཚོང་རར་ཞིབ་འཇུག་བརྡར་གཅོད་བྱེད་པ་དང་ཡུལ་སྐོར་དུས་ཚིགས་གལ་ཆེན་བསུ་བའི་གྲ་སྒྲིག་གནས་ཚུལ་ལ་ཉན་ནས་ནན་གྱིས་བསྟན་དོན། མིག་སྔར་དང་ཡུན་རིང་དང་། སྲུང་སྐྱོབ་དང་འཕེལ་རྒྱས་ཀྱི་འབྲེལ་བ་ཁོང་དུ་ཆུད་པར་བྱེད་པ་དང་། འཆར་འགོད་ཀྱི་སྣེ་ཁྲིད་ནུས་པ་འདོན་སྤེལ་བྱེད་པ། མཚོ་སྔོན་གྱི་ཁྱད་དུ་འཕགས་པའི་ཡུལ་སྐོར་ཐོན་ཁུངས་ཀྱི་དགེ་མཚན་ལ་བརྟེན་ནས། ལྟེ་གནས་གཅིག་དང་མཚོ་སྐོར་སྤུས་ལེགས་སྐྱེ་ཁམས་ཡུལ་སྐོར་ཚོགས། མཚོ་སྔོན་གྱི་ཁྱད་ཆོས་ལྡན་པའི་སྣ་མང་ཅན་གྱི་ཡུལ་སྐོར་ས་ཁུལ་གྱི་སྐྱེ་ཁམས་ཡུལ་སྐོར་འཕེལ་རྒྱས་ཀྱི་རྣམ་པ་ལྟར། རི་སྔོ་ཆུ་དྭངས་གསེར་རི་དངུལ་རིར་བསྒྱུར་བའི་ལམ་བུ་འཚོལ་ཞིབ་བྱེད་པ་དང་རྒྱ་བསྐྱེད་དགོས། ཚན་རྩལ་གྱི་འདེགས་སྐྱོར་ཇེ་དྲག་ཏུ་གཏོང་བ་དང་། རིག་སྟོབས་རིག་གནས་ཡུལ་སྐོར་རྒྱུན་མཐུད་ངང་འཛུགས་སྐྲུན་བྱས་ཏེ། དོ་དམ་དང་ཞབས་ཞུའི་ཆུ་ཚད་མཐོར་འདེགས་སུ་གཏོང་དགོས། ལས་སྒྲུབ་ལས་སྐྲུན་གྱི་ངར་སེམས་དང་སྤྲོ་སེམས་ནམ་ཡང་རྒྱུན་འཁྱོངས་བྱེད་པ་དང་། དགེ་མཚན་དར་སྤེལ་གཏོང་བ་དང་ཞན་ཆ་ཁ་གསབ་བྱེད་པ། གཏན་ཁེལ་བྱས་པའི་དམིགས་འབེན་ལ་དམིགས་ནས། གོམ་སྟབས་རེ་རེ་བཞིན་རྒྱལ་སྤྱིའི་སྐྱེ་ཁམས་ཡུལ་སྐོར་དམིགས་འབེན་ས་ཆ་འཛུགས་སྐྲུན་བྱེད་དགོས།

ཞིང་ཆེན་ཚོང་ར་ལྟ་སྐུལ་དོ་དམ་ཅུའུ་རུ། ཁྲིན་ཀང་གིས་བྱ་བའི་གནས་ཚུལ་གྱི་སྙན་ཞུར་ཉན་པར་མ་ཟད། ཞིང་ཆེན་གྱི་གཅིག་གཉིས་གསུམ་གཅིག་ལྔའི་ཞུ་གཏུག་དང་ལེན་ཞབས་ཞུ་ལྟེ་གནས་སུ་སོང་ནས་ལྔ་གཅིག་དུས་ཆེན་སྐབས་ཀྱི་ཚོང་རའི་ལྟ་སྐུལ་དོ་དམ་བྱ་བའི་བཀོད་སྒྲིག་དང་། ཡུལ་སྐོར་ཚོང་རའི་འཛད་སྤྱོད་ཞུ་གཏུག་དང་ལེན་སོགས་ཀྱི་གནས་ཚུལ་ལ་རྒྱུས་ལོན་བྱས། ཁོས་ནན་གྱིས་བསྟན་དོན། ཚོང་རའི་ལྟ་སྐུལ་དོ་དམ་འགན་ནུས་འདོན་སྤེལ་བྱེད་པ་དང་། དམངས་ཚིས་གལ་ཆེན་གྱི་འཛད་སྤྱོད་ཁྱབ་ཁོངས་གཙིགས་སུ་འཛིན་པ། ཞིབ་བཤེར་བྱེད་ཤུགས་ཇེ་ཆེར་བཏང་ནས། ཚོང་རའི་ཚོང་གཉེར་སྒྲིག་ལམ་ཚད་ལྡན་དུ་བསྒྱུར་དགོས། ལྟ་སྐུལ་དོ་དམ་དང་ཞབས་ཞུ་མཉམ་འཛིན་བྱེད་པ་རྒྱུན་འཁྱོངས་བྱེད་པ་དང་། ཚོང་གཉེར་ཁོར་ཡུག་ལེགས་སྒྱུར་བྱེད་པ། ཚོང་རའི་གཙོ་གཞི་སྐྱེད་སྲིང་བྱེད་པར་ཤུགས་བསྣན་ནས། འཛད་སྤྱོད་ཐོན་རྫས་གསར་དུ་བརྗེ་བར་རོགས་འདེགས་བྱེད་དགོས། ཟས་རིགས་སྨན་རྫས་ཀྱི་བདེ་འཇགས་དང་རྩེད་འཇོའི་སྒྲིག་ཆས། གློག་སྐས་སོགས་དམིགས་བསལ་སྒྲིག་ཆས་ཀྱི་བདེ་འཇགས་ལྟ་སྐུལ་དོ་དམ་ལ་ཤུགས་སྣོན་པ་དང་། ཡུལ་སྐོར་སྐབས་ཀྱི་བཟའ་བཏུང་དང་ཞག་སྡོད་སོགས་ལས་རིགས་ལ་དོ་སྣང་བྱས་ཏེ། འཛད་སྤྱོད་པའི་ཁྲིམས་མཐུན་ཁེ་དབང་ལ་སྲུང་སྐྱོབ་བྱེད་དགོས།

ཟི་ལིང་གྲོང་ཁྱེར་གྱི་མཁར་ཁུལ་ཁ་ཤས་སུ་ཆུ་ཆད་པ་ཤེས་རྗེས། ཁྲིན་ཀང་གིས་ཧ་ཅང་སེམས་ཁུར་བྱས་ནས། སྣ་འཛོམས་ཚོང་ར་དང་ཟ་ཁང་། མགྲོན་ཁང་སོགས་ཡུལ་དངོས་ལ་སོང་ནས་ཆུ་འདོན་སྤྲོད་འགན་སྲུང་གནས་ཚུལ་ལ་ལྟ་ཞིབ་བྱས། ཁོས་བསྟན་དོན། དུས་ནམ་ཡང་མང་ཚོགས་ཀྱི་གཞི་རྩའི་དམངས་ཚིས་ལ་འགན་སྲུང་བྱེད་རྒྱུ་དེ་གོ་གནས་དང་པོར་འཇོག་པ་དང་། གྲོང་ཁྱེར་གྱི་སྤྱི་ཐུན་རྨང་གཞི་སྒྲིག་ཆས་འཛུགས་སྐྲུན་བྱེད་ཤུགས་ཇེ་ཆེར་གཏོང་བ། ཆུ་འདོན་མ་ལག་སྒྱུར་བཀོད་སོགས་གྲོང་ཁྱེར་གྱི་གསར་བརྗེ་ལས་གཞི་ལག་བསྟར་བྱེད་པ། ཉིན་རྒྱུན་གྱི་ལྟ་སྐུལ་དང་འཕྲལ་བསྟུན་ཐག་གཅོད་སོགས་བྱ་བར་ཤུགས་བསྣན་ནས། གྲོང་ཁྱེར་དོ་དམ་ཞབས་ཞུ་ནུས་པ་དང་དམངས་ཚིས་འགན་སྲུང་ཆུ་ཚད་མཐོར་འདེགས་སུ་གཏོང་དགོས།

ཀྲུའུ་ཞང་ཧྥིན་དང་ཧི་ལུའུ་ཁྲུན་རྟོག་ཞིབ་ལ་ཞུགས། ཝང་ཧེ་ཧུང་འབྲེལ་ཡོད་རྟོག་ཞིབ་ལ་ཞུགས།

རིན་ཆེན་མཚོས་བསྒྱུར།