ཧན་ཀྲིན་གྱིས་སོ་སོར་ཕེ་རུའི་ཕྱི་འབྲེལ་པུའུ་ཀྲང་དང་ཨ་ཀེན་ཐིན་གྱི་ཕྱི་འབྲེལ་པུའུ་ཀྲང་ལ་མཇལ་འཕྲད་གནང་།
2024.04.30 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 0

ཟླ4པའི་ཚེས29ཉིན། རྒྱལ་ཁབ་ཀྱི་ཀྲུའུ་ཞི་གཞོན་པ་ཧན་ཀྲིན་གྱིས་པེ་ཅིང་དུ། ཕེ་རུའི་ཕྱི་འབྲེལ་པུའུ་ཀྲང་ཀང་སཱ་ལའེ་སི-ཨའོ་ལའེ་ཆེ་ཡཱ་དང་ཨ་ཀེན་ཐིན་གྱི་ཕྱི་འབྲེལ་པུའུ་ཀྲང་མིན་ཏིས་ནའོ་ལ་མཇལ་འཕྲད་གནང་།

ཧན་ཀྲིན་གྱིས་ཀང་སཱ་ལའེ་སི-ཨའོ་ལའེ་ཆེ་ཡཱ་ལ་མཇལ་འཕྲད་གནང་སྐབས།  ཀྲུའུ་ཞི་ཞི་ཅིན་ཕིང་དང་ཙུང་ཐུང་པོ་ལུའུ་ཨར་ཐི་རྣམ་གཉིས་ཀྱིས་ན་ནིང་གི་ཟླ11པའི་ནང་ཨ་མེ་རི་ཁའི་ཅིའུ་ཅན་ཧྲན་དུ་མཇལ་འཕྲད་གནང་སྟེ། རྒྱལ་ཁབ་གཉིས་ཀྱི་ཕྱོགས་ཡོངས་ཀྱི་འཐབ་ཇུས་རོགས་རེས་འབྲེལ་བ་འཕེལ་རྒྱས་འགྲོ་རྒྱུར་སྒུལ་ཤུགས་ཆེན་པོ་བསྣན་ཡོད། ཀྲུང་གོ་ཕྱོགས་ཀྱིས་རྒྱལ་ཁབ་གཉིས་ཀའི་ཕྱོགས་ཡོངས་ཀྱི་འཐབ་ཇུས་རོགས་རེས་འབྲེལ་བ་འཕེལ་རྒྱས་གཏོང་རྒྱུའི་འདོད་བློ་ནི་གསལ་བོ་དང་བརྟན་པོ་ཡིན་ལ། ཕེ་རུ་ཕྱོགས་དང་མཉམ་དུ་འབད་བརྩོན་བྱས་ཏེ། རྒྱལ་ཁབ་གཉིས་ཀའི་གཙོ་འཛིན་བར་བྱུང་བའི་ཐུན་མོང་གི་ངོས་འཛིན་གལ་ཆེན་དོན་འཁྱོལ་ཡག་པོ་བྱེད་རྒྱུ་དང་། མཐོ་རིམ་འགྲོ་འོང་གི་འཕེལ་ཕྱོགས་རྒྱུན་འཁྱོངས་བྱེད་པ། འཕེལ་རྒྱས་འཐབ་ཇུས་འབྲེལ་མཐུད་ལ་ཤུགས་སྣོན་པ། མཉམ་ལས་ཀྱི་སྦས་ཤུགས་སྔོག་འདོན་བཅས་བྱས་ནས། སྤུས་ཚད་མཐོ་བའི་སྒོ་ནས“རྒྱུད་གཅིག་ལམ་གཅིག”མཉམ་སྐྲུན་བྱས་ཏེ། རྒྱལ་ཁབ་གཉིས་ཀྱི་འབྲེལ་བ་འཕེལ་རྒྱས་གསར་པ་འབྱུང་བར་སྐུལ་འདེད་གཏོང་འདོད་ཡོད། ཀྲུང་གོས་ཕེ་རུ་ཕྱོགས་ཀྱིས་ད་ལོའི་ཨེ་ཤ་ཡ་དང་ཞི་བདེ་རྒྱ་མཚོ་ཆེན་མོའི་ས་ཁུལ་དཔལ་འབྱོར་མཉམ་ལས་རྩ་འཛུགས་ཀྱི་འགོ་ཁྲིད་པའི་དངོས་གཞི་མིན་པའི་ཚོགས་འདུ་བདེ་བླག་ངང་བསྡུ་རྒྱུར་རྒྱབ་སྐྱོར་བྱ་རྒྱུ་ཡིན་ཞེས་གསུངས།

ཀང་སཱ་ལའེ་སི-ཨའོ་ལའེ་ཆེ་ཡཱ་ཡིས་ཕེ་རུ་དང་ཀྲུང་གོ་གཉིས་ཀ་ཤེས་རིག་ལྡན་པའི་གནའ་བོའི་རྒྱལ་ཁབ་ཡིན་པ་དང་། རྒྱལ་ཁབ་གཉིས་ཀའི་མཛའ་མཐུན་འབྲེལ་བར་ལོ་རྒྱུས་ཡུན་རིང་ལྡན་པས། ཕྱོགས་གཉིས་ཀའི་མཉམ་ལས་ལ་རྨང་གཞི་བརྟན་པོ་དང་མདུན་ལམ་རྒྱ་ཆེན་པོ་ལྡན། ཕེ་རུ་ཕྱོགས་ཀྱིས་ཀྲུང་གོ་གཅིག་གི་རྩ་དོན་བརྩི་སྲུང་ནན་མོ་བྱེད་ཀྱིན་ཡོད་ལ། ཀྲུང་གོའི་བར་གྱི་མཐོ་རིམ་འགྲོ་འོང་དམ་ཟབ་དང་ཁྱབ་ཁོངས་སོ་སོའི་དངོས་སྒྲུབ་མཉམ་ལས་ཟབ་སྤེལ་བྱས་ནས། ཕེ་རུ་དང་ཀྲུང་གོའི་འབྲེལ་བ་མཐོ་ཚད་གསར་པ་ཞིག་ཏུ་སླེབས་རྒྱུར་སྐུལ་འདེད་གཏོང་འདོད་ཡོད་ཅེས་བསྟན།

ཧན་ཀྲིན་གྱིས་མིན་ཏིས་ནའོ་ལ་མཇལ་འཕྲད་གནང་སྐབས། ད་ལོ་ནི་ཀྲུང་གོ་དང་ཨ་ཀེན་ཐིན་བར་ཕྱོགས་ཡོངས་ཀྱི་འཐབ་ཇུས་རོགས་རེས་འབྲེལ་བ་བཙུགས་ནས་ལོ10འཁོར་བའི་ལོ་ཡིན། ཀྲུང་གོ་དང་ཨ་ཀེན་ཐིན་བར་གྱི་འབྲེལ་བ་འཕེལ་རྒྱས་སུ་གཏོང་རྒྱུ་དེ་རྒྱལ་ཁབ་གཉིས་ཀའི་ཕུགས་ཀྱི་ཁེ་ཕན་དང་མཐུན་ཞིང་། རྒྱལ་ཁབ་གཉིས་ཀའི་མི་དམངས་ཀྱི་རེ་ལྟོས་ཀྱང་ཡིན།  ཀྲུའུ་ཞི་ཞི་ཅིན་ཕིང་གིས་མིའི་རིགས་ཀྱི་ལས་སྐལ་གཅིག་མཐུན་ཚོགས་པ་འཛུགས་པའི་འདུ་ཤེས་གལ་ཆེན་དང་། འཛམ་གླིང་ཧྲིལ་པོའི་འཕེལ་རྒྱས་ཀྱི་གྲོས་འགོ། འཛམ་གླིང་ཧྲིལ་པོའི་བདེ་འཇགས་གྲོས་འགོ། འཛམ་གླིང་ཧྲིལ་པོའི་ཤེས་རིག་གྲོས་འགོ་བཅས་བཏོན་པ་དེས། མིའི་རིགས་ལ་འཕྲད་པའི་ཐུན་མོང་གི་གནད་དོན་ཐག་གཅོད་བྱེད་པར་ཁ་ཕྱོགས་གསལ་སྟོན་གནང་ཡོད། ཀྲུང་གོ་ཕྱོགས་ཀྱིས་ཨ་ཀེན་ཐིན་ཕྱོགས་དང་མཉམ་དུ། མུ་མཐུད་ཕན་ཚུན་རྒྱུས་ལོན་དང་རྒྱབ་སྐྱོར་བྱས་ནས། སོ་སོའི་འཕེལ་རྒྱས་བགྲོད་ལམ་སྟེང་གི་འགྲོ་གྲོགས་བྱེད་འདོད་ཡོད་པ་དང་། རྒྱལ་ཁབ་གཉིས་ཀའི་ཆབ་སྲིད་ཐད་ཀྱི་ཡིད་ཆེས་སྔར་ལས་ཇེ་ཆེར་བཏང་ནས། ཕྱོགས་གཉིས་ཀའི་དངོས་གཉེར་མཉམ་ལས་བརྟན་པོའི་ངང་ཡུན་རིང་ལ་འཕེལ་བར་སྐུལ་འདེད་བཏང་སྟེ། རྒྱལ་ཁབ་གཉིས་ཀའི་མི་དམངས་ལ་ཕན་པ་དངོས་བསྐྲུན་འདོད་ཡོད་ཅེས་གསུངས།

མིན་ཏིས་ནའོ་ཡིས་ཉེ་བའི་ལོ་འདི་དག་གི་རིང་ལ། ཨ་ཀེན་ཐིན་དང་ཀྲུང་གོའི་འབྲེལ་བ་འཕེལ་རྒྱས་ཡག་པོ་བྱུང་ཡོད། ཨ་ཀེན་ཐིན་ལ་མཚོན་ནས་བཤད་ན། ཀྲུང་གོ་དང་མཉམ་ལས་བྱ་རྒྱུ་དེ་ཧ་ཅང་གལ་འགངས་ཆེན་པོ་ཞིག་ཡིན། ཨ་ཀེན་ཐིན་ཕྱོགས་ཀྱིས་ཀྲུང་གོའི་འཕེལ་རྒྱས་ལ་ལྟ་སྟངས་ཡག་པོ་འཛིན་གྱིན་ཡོད་པ་དང་། ཀྲུང་གོ་ཕྱོགས་ཀྱི་འདུ་ཤེས་དང་འདོད་ཚུལ་གལ་ཆེན་རབ་དང་རིམ་པར་བསྔགས་བརྗོད་བྱེད་ཀྱིན་ཡོད་ལ། ཀྲུང་གོ་གཅིག་གི་སྲིད་ཇུས་བློ་བརྟན་འགྱུར་མེད་ངང་ལག་བསྟར་བྱེད་ཀྱིན་ཡོད་པར་མ་ཟད། ཀྲུང་གོའི་བར་གྱི་ཕྱོགས་གཉིས་དང་ཕྱོགས་མང་གི་མཉམ་ལས་རྒྱུན་ཆད་མེད་པར་སྲ་བརྟན་དང་རྒྱ་ཆེར་གཏོང་རྒྱུའི་རེ་བ་ཡོད་པ་ལས་གཞན། ཀྲུང་གོའི་ཁེ་ལས་སྔར་ལས་གང་མང་ཨ་ཀེན་ཐིན་དུ་ཡོང་ནས་མ་དངུལ་གཏོང་བར་དགའ་བསུ་ཞུ་རྒྱུ་ཡིན་ཞེས་བསྟན།

བན་དེ་སྐྱབས་ཀྱིས་བསྒྱུར།