ཝང་ཧུའུ་ཉིང་གིས་འགོ་འཛིན་གནང་ནས་རྒྱལ་ཡོངས་སྲིད་གྲོས་ཀྱི་ཀྲུའུ་ཞིའི་གྲོས་ཚོགས་བསྡུས།
2024.04.30 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 0

ཟླ4པའི་ཚེས29ཉིན། སྲིད་གྲོས་སྐབས་བཅུ་བཞི་པའི་རྒྱལ་ཡོངས་ཨུ་ཡོན་ལྷན་ཁང་གི་ཀྲུའུ་ཞིའི་གྲོས་ཚོགས་ཐེངས་བཅོ་བརྒྱད་པ་པེ་ཅིང་དུ་འཚོགས། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་རྒྱུན་ལས་ཨུ་ཡོན། རྒྱལ་ཡོངས་སྲིད་གྲོས་ཀྱི་ཀྲུའུ་ཞིཝང་ཧུའུ་ཉིང་གིས་ཚོགས་འདུར་འགོ་འཛིན་མཛད་དེ་གསུང་བཤད་གལ་ཆེན་གནང་།

ཚོགས་ཐོག་ནས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་ཉེ་དུས་ཀྱི་གསུང་བཤད་གལ་ཆེན་གྱི་དགོངས་དོན་བརྒྱུར་སྒྲོག་དང་སློབ་སྦྱོང་། ལག་བསྟར་བཅས་བྱས། ཝང་ཧུའུ་ཉིང་གིས་སྲིད་གྲོས་ཨུ་ཡོན་རྣམས་ཀྱིས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་དུས་རབས་གསར་པར་ནུབ་རྒྱུད་གསར་སྤེལ་ཆེན་མོར་སྐུལ་འདེད་གཏོང་བའི་སྐོར་གྱི་གསུང་བཤད་གལ་ཆེན་གྱི་དགོངས་དོན་སློབ་སྦྱོང་དང་ལག་ལེན་མཐར་ཕྱིན་བྱ་རྒྱུར་རྩ་འཛུགས་དང་ཁྲིད་སྟོན་བྱས་ཏེ། རྒྱལ་ཡོངས་ཀྱི་བཅོས་སྒྱུར་དང་འཕེལ་རྒྱས། བརྟན་བརླིང་བཅས་ཀྱི་ཁྱོན་ཡོངས་ཁྲོད་ནས་ནུབ་རྒྱུད་ས་ཁུལ་གྱི་ནུས་པ་གལ་ཆེན་ལ་ངོས་འཛིན་གང་ལེགས་བྱས་ནས། གཙོ་གནད་ལས་དོན་དང་འགག་རྩའི་ལྷུ་ཚིགས། གནད་དོན་གསར་པ་བཅས་ལ་དམ་པོར་དམིགས་ཏེ། འཐབ་ཕྱོགས་དང་པོའི་བརྟག་དཔྱད་ཞིབ་འཇུག་ཟབ་སྤེལ་བྱས་ནས། གྲོས་མོལ་སྲིད་གླེང་དང་ཐབས་ཇུས་འབུལ་རྒྱུར་ཤུགས་བསྣན་ཏེ། དུས་རབས་གསར་པར་ནུབ་རྒྱུད་གསར་སྤེལ་ཆེན་མོར་སྐུལ་འདེད་གཏོང་ཆེད་སྲིད་གྲོས་ཀྱི་བློ་གྲོས་དང་སྟོབས་ཤུགས་ཅི་ཡོད་འབུལ་དགོས། སྐོར་ཞིབ་ལས་དོན་གྱིས་ཏང་གིས་སྲིད་གྲོས་ལས་དོན་ལ་ཕྱོགས་ཡོངས་ནས་འགོ་ཁྲིད་བྱེད་པར་ནུས་པ་གལ་ཆེན་ཐོན་གྱིན་པར་ངོས་འཛིན་གཏིང་ཟབ་བྱས་ཏེ། རྒྱལ་ཡོངས་སྲིད་གྲོས་ཏང་ཙུའུ་ཡི་ཆེད་དོན་སྐོར་ཞིབ་ཐེངས་དང་པོ་དང་ལས་ཁུངས་ཏང་ཙུའུ་ཡི་སྐོར་ཞིབ་ཐེངས་དང་པོའི་འབྲེལ་ཡོད་ལས་དོན་ཡག་པོར་སྒྲུབ་དགོས། ཏང་གི་སྒྲིག་ཁྲིམས་སློབ་སྦྱོང་སློབ་གསོ་ཏན་ཏིག་ངང་སྤེལ་རྒྱུ་དང་། སྲིད་གྲོས་ཨུ་ཡོན་དང་ལས་ཁུངས་ཀྱི་ལས་བྱེད་པས་ཆབ་སྲིད་སྒྲིག་ཁྲིམས་དང་ཆབ་སྲིད་སྒྲིག་ལམ་ནན་སྲུང་བྱ་རྒྱུ་གཙོ་གནད་དུ་འཛིན་རྒྱུར་ཁྲིད་སྟོན་བྱས་ཏེ། སྒྲིག་ཁྲིམས་སློབ་པ་དང་སྒྲིག་ཁྲིམས་རྟོགས་པར་བྱེད་པ། སྒྲིག་ཁྲིམས་དམ་པར་བྱེད་པ། སྒྲིག་ཁྲིམས་ནན་སྲུང་བྱས་ནས། རྒྱལ་ཡོངས་སྲིད་གྲོས་ཀྱིས་ཕྱོགས་ཡོངས་ནས་ཏང་བཅོས་སྐྱོང་ནན་མོ་བྱ་རྒྱུ་གཏིང་ཟབ་ས་ནས་ཟབ་སར་འཕེལ་བར་སྐུལ་འདེད་གཏོང་དགོས་ཞེས་གསུངས།

ཚོགས་ཐོག་ནས་སྲིད་གྲོས་སྐབས་བཅུ་བཞི་པའི་རྒྱལ་ཡོངས་ཨུ་ཡོན་ལྷན་ཁང་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་གྲོས་ཚོགས་ཐེངས་བདུན་པའི་གྲོས་རིམ་འཆར་ཟིན་དང་ཉིན་རེའི་གྲོས་རིམ་ལ་གྲོས་ཞིབ་བྱས་ཏེ་གྲོས་འཆམ་བྱུང་བ་དང་། ཟླ6པའི་ཚེས4ཉིན་ནས་ཚེས6ཉིན་བར་པེ་ཅིང་དུ། རྒྱལ་ཡོངས་སྲིད་གྲོས་སྐབས་བཅུ་བཞི་པའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་གྲོས་ཚོགས་ཐེངས་བདུན་པ་བསྡུ་རྒྱུའི་གྲོས་ཐག་བཅད།

ཚོགས་ཐོག་ནས《སྲིད་གྲོས་རྒྱལ་ཡོངས་ཨུ་ཡོན་ལྷན་ཁང་གི་ཀྲུའུ་ཞིའི་གྲོས་ཚོགས་ཀྱི་ཁོངས་མིས་སློབ་སྦྱོང་རྟོག་ཞིབ་བྱེད་སྒོ་སྤེལ་བའི་སྐོར་གྱི་བསམ་འཆར》ལ་གྲོས་ཞིབ་བྱས་ནས་གྲོས་འཆམ་བྱུང་བ་དང་། ཀྲུའུ་ཞིའི་གྲོས་ཚོགས་ཀྱི་ཁོངས་མིས་སློབ་སྦྱོང་དང་རྟོག་ཞིབ་བྱེད་སྒོ་སྤེལ་རྒྱུ་ནི། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མི་དམངས་སྲིད་གྲོས་ལས་དོན་ལ་ཤུགས་སྣོན་དང་ལེགས་བཅོས་གཏོང་བའི་སྐོར་གྱི་དགོངས་པ་གལ་ཆེན་དོན་འཁྱོལ་ཟབ་མོ་བྱེད་པའི་བྱ་སྤྱོད་དངོས་ཤིག་ཡིན་པས། སློབ་སྦྱོང་དང་རྟོག་ཞིབ་བྱས་པ་བརྒྱུད། འགན་སྒྲུབ་གྲོས་འདོན་ཆུ་ཚད་ཇེ་མཐོར་གཏོང་བ་དང་། སྲིད་གྲོས་ཨུ་ཡོན་བར་གྱི་འབྲེལ་གཏུག་བརྗེ་རེས་བྱེད་ཤུགས་ཇེ་ཆེར་གཏོང་བ། སྲིད་གྲོས་ལས་དོན་ལ་སྐུལ་འདེད་གཏོང་བ་དང་ཁྱོན་ཡོངས་ལ་ཞབས་འདེགས་སྔར་ལས་ལེགས་པོ་ཞུ་རྒྱུ་བཅས་ལ་འབད་དགོས་ཞེས་ནན་གྱིས་གསུངས།

བན་དེ་སྐྱབས་ཀྱིས་བསྒྱུར།