《ཞི་ཅིན་ཕིང་གིས“རྒྱུད་གཅིག་ལམ་གཅིག”གླེང་བ》ཞེས་པའི་ཨ་རབ་ཡི་གེའི་པར་གཞིའི་ངོ་སྤྲོད་ཚོགས་འདུ་ཨ་རབ་ཀྱི་རྒྱལ་ས་ཨ་པུའུ་ཀྲ་པིས་སུ་འཚོགས།
2024.04.30 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 0

《ཞི་ཅིན་ཕིང་གིས“རྒྱུད་གཅིག་ལམ་གཅིག”གླེང་བ》ཞེས་པའི་ཨ་རབ་ཡི་གེའི་པར་གཞིའི་ངོ་སྤྲོད་ཚོགས་འདུ་ཚེས29ཉིན་ཨ་རབ་མཉམ་འབྲེལ་ཚོ་དཔོན་རྒྱལ་ཁབ་ཀྱི་རྒྱལ་ས་ཨ་པུའུ་ཀྲ་པིས་ནས་འཚོགས་པ་དང་། ཀྲུང་གོ་དང་ཨ་རབ་ཀྱི་ལས་རིགས་སོ་སོའི་འཐུས་མི100ལྷག་ཚོགས་འདུར་ཞུགས།

ཨ་རབ་མཉམ་འབྲེལ་ཚོ་དཔོན་རྒྱལ་ཁབ་ཀྱི་ཨ་པུའུ་ཀྲ་པིས་ཨ་རབ་སྐད་ལྟེ་གནས་ཀྱི་ཀྲུའུ་རིན་ཨ་ལིས·པིན·ཐཱ་མིས་མུའུ་ཡིས་ཤིས་ཚིག་འབུལ་སྐབས། “རྒྱུད་གཅིག་ལམ་གཅིག”ནི་དུས་རབས21པའི་ཆེས་རླབས་ཆེ་བའི་གྲོས་འགོ་ཞིག་ཡིན་པ་དང་། དཀྱེལ་ཡངས་དང་གཉིས་ཕན་གྱི་རིན་ཐང་ལྟ་བའི་སྒྲོམ་གཞིའི་འོག་ཏུ། 《ཞི་ཅིན་ཕིང་གིས“རྒྱུད་གཅིག་ལམ་གཅིག”གླེང་བ》ཞེས་པའི་དེབ་འདི་ཉིད་ནི། དེང་རབས་དར་གོས་ཚོང་ལམ་སྟེང་གི་ལམ་སྟོན་སྒྲོན་མེ་ཞིག་དང་འདྲ་པར། དེས་ཤེས་རིག་མི་འདྲ་བའི་བར་གྱི་གྲོས་མོལ་ལ་སྐུལ་འདེད་གཏོང་བཞིན་ཡོད་ལ། ཨ་རབ་རྒྱལ་ཁབ་དང་ཀྲུང་གོ་མི་དམངས་བར་གྱི་འབྲེལ་བ་སྔར་ལས་ཇེ་དམ་དུ་གཏོང་བཞིན་ཡོད། དཔེ་དེབ་དེའི་ནང་མིའི་རིགས་ཀྱི་ཤེས་བྱ་དང་རིག་གནས་བརྗེ་རེས་ཀྱི་ནོར་བུ་འདུས་ཡོད་པའི་དབང་གིས། ང་ཚོ་རྒྱལ་ཁབ་གཉིས་བར་གྱི་མཛའ་མཐུན་དང་དར་རྒྱས་ལ་རྒྱུན་ཆད་མེད་པར་རོགས་འདེགས་བྱེད་ཐུབ་ཅེས་བཤད།

ཨ་རབ་མཉམ་འབྲེལ་ཚོ་དཔོན་རྒྱལ་ཁབ་གནས་བབ་ཞིབ་འཇུག་ལྟེ་གནས་ཀྱི་ཀྲུའུ་རིན་མུའུ་ཧན་མོ་ཏི·ཨ་ལིས་ཀྱིས་ཤིས་ཚིག་འབུལ་སྐབས། “རྒྱུད་གཅིག་ལམ་གཅིག”གི་གྲོས་འགོ་ནི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་བཏོན་པའི་འཛམ་གླིང་ཧྲིལ་པོའི་རང་བཞིན་གྱི་གྲོས་འགོ་གལ་ཆེན་ཞིག་ཡིན་པ་དང་། 《ཞི་ཅིན་ཕིང་གིས“རྒྱུད་གཅིག་ལམ་གཅིག”གླེང་བ》ཞེས་པའི་དེབ་དེར་གཞུང་ལུགས་ཀྱི་རང་བཞིན་དང་ལག་ལེན་གྱི་རང་བཞིན་ཆེན་པོ་ལྡན། ཨ་རབ་མཉམ་འབྲེལ་ཚོ་དཔོན་རྒྱལ་ཁབ་ནི་འཛམ་གླིང་ཚོང་དོན་སྦྲེལ་མཐུད་ཀྱི་ལྷུ་ཚིགས་གལ་ཆེན་ཞིག་ཡིན་ལ། “རྒྱུད་གཅིག་ལམ་གཅིག”གི་འབྲེལ་མཚམས་སུ་གནས་ཡོད་པའི་དབང་གིས། དུས་རྣམ་ཀུན་ཏུ“རྒྱུད་གཅིག་ལམ་གཅིག”མཉམ་སྐྲུན་བྱེད་པའི་ཐད་ནུས་པ་གལ་ཆེན་འདོན་སྤེལ་བྱེད་ཀྱིན་ཡོད་ཅེས་བཤད།

ཀྲུང་གོའི་ཕྱི་རྒྱལ་ཡིག་རིགས་ཅུའུ་ཡི་ཅུའུ་ཀྲང་ཏུའུ་ཀྲན་ཡོན་གྱིས་ཤིས་ཚིག་འབུལ་སྐབས། 《ཞི་ཅིན་ཕིང་གིས“རྒྱུད་གཅིག་ལམ་གཅིག”གླེང་བ》ཞེས་པའི་ཨ་རབ་ཡེ་གེའི་པར་གཞིའི་ཁྲོད་དུ། ཀྲུའུ་ཞི་ཞི་ཅིན་ཕིང་གི“རྒྱུད་གཅིག་ལམ་གཅིག”འཛུགས་སྐྲུན་སྐོར་གྱི་རྩོམ་ཡིག་མ་ཕྱི་གལ་ཆེན་བསྡུས་ཡོད་པ་དང་། གྲོས་འགོ་གལ་ཆེན་དེའི་འཕེལ་རྒྱས་ཀྱི་གནས་ཚུལ་དང་ནང་དོན་ཕུན་སུམ་ཚོགས་པ། ལག་ལེན་གྱི་ཐབས་ལམ་བཅས་གསོན་ཉམས་ལྡན་པའི་སྒོ་ནས་ཟིན་ཐོར་བཀོད་ཡོད་པའི་དབང་གིས། ཨ་རབ་ཀྱི་ཀློག་པ་པོས“རྒྱུད་གཅིག་ལམ་གཅིག”གི་གྲོས་འགོར་རྒྱུས་ལོན་དང་ཤེས་རྟོགས་བྱ་རྒྱུར་དབང་གྲགས་ལྡན་པའི་ཀློག་དེབ་མཁོ་འདོན་བྱས་ཡོད་ཅེས་བཤད།

ངོ་སྤྲོད་ཚོགས་འདུ་དེ་ཀྲུང་གོའི་ཕྱི་རྒྱལ་ཡིག་རིགས་ཅུའུ་དང་ཨ་རབ་མཉམ་འབྲེལ་ཚོ་དཔོན་རྒྱལ་ཁབ་ཏུ་སྡོད་པའི་ཀྲུང་གོའི་གཞུང་ཚབ་ཁང་གིས་གཙོ་སྒྲུབ་བྱས་པ་དང་། ཨ་རབ་མཉམ་འབྲེལ་ཚོ་དཔོན་རྒྱལ་ཁབ་ཀྱི་ཨ་པུའུ་ཀྲ་པིས་ཨ་རབ་སྐད་ལྟེ་གནས་ཀྱིས་གཞོགས་འདེགས་བྱས་ནས་བསྒྲུབས་པ་རེད།

བན་དེ་སྐྱབས་ཀྱིས་བསྒྱུར།