ཝང་ཝེ་ཏུང་དང་ཧི་ལུའུ་ཁྲོན་གྱིས་ཁྱད་ལྡན་རིག་གནས་ཡུལ་སྐོར་ཉོ་ཚོང་སྲང་ལམ་གྱི་འཛུགས་སྐྲུན་བྱ་བར་རྟོག་ཞིབ་བྱས།
2024.05.01 ཁུངས། མཚོ་སྔོན་གསར་འགྱུར་དྲ་བ། ཀློག་གྲངས། 0

ཟླ་བཞི་བའི་ཚེས་སུམ་ཅུ་ཉིན། ཞིང་ཆེན་ཏང་ཨུའི་རྒྱུན་ལས་ཨུ་ཡོན། ཟི་ལིང་གྲོང་ཁྱེར་ཏང་ཨུའི་ཧྲུའུ་ཅི་ཝང་ཝེ་ཏུང་དང་ཧྲིན་ཀྲང་གཞོན་པ་ཧི་ལུའུ་ཁྲོན་གཉིས་མཁར་བྱང་ཁུལ་དང་སྐྱེ་དངོས་གླིང་ཁུལ་དུ་སོང་ནས་ཡུལ་དངོས་ནས་ཞིང་ཆེན་དང་གྲོང་ཁྱེར་མཉམ་འབྲེལ་བྱས་ནས་ཁྱད་ལྡན་རིག་གནས་ཡུལ་སྐོར་ཉོ་ཚོང་སྲང་ལམ་གསར་བསྐྲུན་བྱེད་པའི་གནས་ཚུལ་ལ་རྟོག་ཞིབ་བྱས་པ་དང་། ཆེད་དོན་སྐུལ་འདེད་ཚོགས་འདུ་བསྡུས།

ཝང་ཝེ་ཏུང་དང་ཧི་ལུའུ་ཁྲོན་སོགས་སྔ་གཞུག་ཏུ་ཅིན་ཡའོ་མཚན་ཁྲོམ་དང་ཁང་མཱེ་ཀྲུང་ལུགས་སྨན་རྫས་མཁར། མཚོ་སྔོན་ཁུ་ནུ་གཡང་ཊིའི་སྡེ་ཚོགས་སུ་སོང་ནས། ཡུལ་དངོས་ནས་པའོ་སྲང་ལམ་དང་ནུབ་མཚོ་ཟས་རིགས་སྲང་ལམ་དང་། ཁང་མཱེ་མཁར་གསར་ཁྱད་ལྡན་རིག་གནས་ཡུལ་སྐོར་སྲང་ལམ། ཁུ་ནུ་གཡང་ཊིའི་རིག་གནས་རྟེན་མཛོད་ཁང་བཅས་ཀྱི་ཚོང་གཉེར་དང་རྨང་གཞིའི་སྒྲིག་ཆས་ཆེད་འཚོང་ཁང་སོགས་ཀྱི་གནས་ཚུལ་ལ་རྒྱུས་ལོན་བྱས་པར་མ་ཟད། འབྲེལ་ཡོད་སྡེ་ཁག་དང་ཁེ་ལས་ཀྱི་འགན་ཁུར་བློ་མཐུན་དང་མཉམ་དུ་བསམ་ཚུལ་བརྗེ་རེས་ཟབ་མོ་བྱས། ཁོ་ཚོས་ནན་གྱིས་བསྟན་དོན། ཚད་མཐོའི་མཐོང་ཆེན་དང་མཉམ་འབྲེལ་ཤུགས་སྣོན། གཏན་གནས་འཚོལ་བ། ཁྱད་ལྡན་འབུར་ཐོན། ལངས་གནས་མཐོ་བའི་བཀོད་སྒྲིག་དང་ཆུ་ཚད་མཐོ་བའི་འཆར་འགོད། ཚད་གཞི་མཐོ་བའི་སྐུལ་འདེད་བཅས་ཀྱིས་མ་ལག་ལྡན་པའི་སྒོ་ནས་མཐོ་སྒང་གི་ཁྱད་ཆོས་དང་མཚོ་སྔོན་གྱི་ཁྱད་ཆོས་ལྡན་པའི་རིག་གནས་ཡུལ་སྐོར་ཉོ་ཚོང་སྲང་ལམ་གསར་བསྐྲུན་བྱེད་དགོས།

ཝང་ཝེ་ཏུང་གིས་ཞིང་ཆེན་གྱིས་ཁྱད་ལྡན་རིག་གནས་ཡུལ་སྐོར་ཉོ་ཚོང་སྲང་ལམ་འཛུགས་པའི་ཐད་ནས་ཟི་ལིང་ལ་སེམས་ཁུར་དང་རྒྱབ་སྐྱོར་བྱས་པར་བཀའ་དྲིན་ཞུས།

ཧི་ལུའུ་ཁྲོན་གྱིས་ཆེད་དོན་ཚོགས་འདུར་མགོ་འཛིན་བྱེད་སྐབས་བསྟན་དོན། ཞིང་ཆེན་དང་གྲོང་ཁྱེར་མཉམ་ལས་བྱས་ནས་ཁྱད་ལྡན་རིག་གནས་ཡུལ་སྐོར་ཉོ་ཚོང་སྲང་ལམ་གསར་སྐྲུན་བྱེད་པ་ནི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མཚོ་སྔོན་གྱིས་རྒྱལ་སྤྱིའི་སྐྱེ་ཁམས་ཡུལ་སྐོར་བྱེད་ས་གསར་འཛུགས་བྱེད་པའི་རེ་བ་གལ་ཆེན་ལག་ལེན་མཐར་ཕྱིན་བྱེད་པའི་བྱེ་བྲག་གི་འགུལ་སྐྱོད་ཅིག་ཡིན་པ་དང་། དཀྱིལ་སྙིང་གཅིག་དང་ཡན་ལག་འཁོར་ལམ་མང་བོ་ལྡན་པའི་སྐྱེ་ཁམས་ཡུལ་སྐོར་འཕེལ་རྒྱས་ཀྱི་རྣམ་པ་ཆགས་པར་བྱེད་པའི་དོན་དངོས་བྱ་སྤྱོད་ཅིག་ཡིན་པར་མ་ཟད། རི་འདུས་ཆུ་མགོ་དང་མཛེས་པའི་མཚོ་སྔོན་གྱི་རིག་གནས་ཡུལ་སྐོར་གྱི་ཚོང་རྟགས་མཚམས་སྦྱོར་དང་དྲིལ་སྒྲོག་བྱེད་པའི་རྟེན་གཙོ་བོ་ཞིག་ཀྱང་ཡིན། ཁོས་ནན་གྱིས་བསྟན་དོན། ཟི་ལིང་གྲོ་ཁྱེར་མཁར་བྱང་སྐྱེ་དངོས་གླིང་ཁུལ་གྱི་སྒྲིག་ཆས་ཐོན་ཁུངས་ཐོན་ལས་ཀྱི་རྨང་གཞི་སོགས་ཁྱད་ལྡན་ཁྱད་སྟོབས་ལ་བརྟེན་ནས། འཆར་འགོད་དང་སྣེ་ཁྲིད་བྱེད་པ་རྒྱུན་འཁྱོངས་བྱས་ཤིང་། རྒྱུན་ཆད་མེད་པར་བྱེད་སྒོའི་རྣམ་པ་ཕུན་སུམ་ཚོགས་པར་བྱས་ཏེ། རྨང་གཞིའི་སྒྲིག་ཆས་དང་རྨང་གཞིའི་བྱ་བ། རྨང་གཞིའི་འགན་སྲུང་བཅས་ལ་ཤུགས་སྣོན་བྱས་ནས། བསྟུད་མར་སྐྱེ་ཁམས་དང་ཚོང་ར། མི་གཞུང་བཅས་ཀྱི་ཁོར་ཡུག་ལེགས་བསྒྱུར་བྱེད་པ་དང་། ཆུ་ཚད་མཐོ་བ་དང་ཚད་གཞི་མཐོ་བའི་སྒོ་ནས་རྒྱལ་ཡོངས་སུ་ཤུགས་རྐྱེན་ལྡན་པའི་ཞིང་བཟོ་དང་རིག་གནས་ཡུལ་སྐོར་ཉོ་ཚོང་བཅས་མཉམ་འདྲེས་གང་ལེགས་བྱེད་པའི་ཁྱད་ལྡན་རིག་གནས་ཡུལ་སྐོར་སྲང་ལམ་གསར་བསྐྲུན་བྱེད་དགོས་ཟེར།

ཆེད་དོན་ཚོགས་འདུའི་སྟེང་། གྲོང་ཁྱེར་སྲིད་གཞུང་དང་མཁར་བྱང་ཁུལ་ཏང་ཨུ། འབྲེལ་ཡོད་ཀྱི་ཁེ་ལས་འཐུས་མི་བཅས་ཀྱི་ཁྱད་ལྡན་རིག་གནས་ཡུལ་སྐོར་སྲང་ལམ་འཛུགས་སྐྲུན་བྱ་བའི་གནས་ཚུལ་སྐོར་ནས་སྙན་ཞུ་ཕུལ། ཞིང་ཆེན་འཕེལ་རྒྱས་བཅོས་བསྒྱུར་ཨུ་ཡོན་ལྷན་ཁང་དང་ཞིང་ཆེན་ཚན་རྩལ་ཐིན། ཞིང་ཆེན་མི་ཤུགས་ཐོན་ཁུངས་དང་སྤྱི་ཚོགས་འགན་སྲུང་ཐིན། ཞིང་ཆེན་ཞིང་ལས་ཞིང་སྡེ་ཐིན། ཞིང་ཆེན་ཚོང་དོན་ཐིན། ཞིང་ཆེན་རིག་གནས་དང་གནས་སྐོར་ཐིན། ཞིང་ཆེན་ནགས་རྩྭ་ཅུའུ། ཞིང་ཆེན་ཚོང་རའི་ལྟ་རྟོག་དོ་དམ་ཅུའུ། ཞིང་ཆེན་སྦྲགས་སྲིད་དོ་དམ་ཅུའུ་བཅས་ཀྱི་འགན་ཁུར་བློ་མཐུན་གྱིས་ཞིང་ཆེན་དང་གྲོང་ཁྱེར་མཉམ་འབྲེལ་བྱས་ནས་ཁྱད་ལྡན་གྱི་རིག་གནས་ཡུལ་སྐོར་ཉོ་ཚོང་སྲང་ལམ་གཙོ་བོ་གསར་འཛུགས་བྱེད་པར་དམིགས་ནས། ཇི་ལྟར་མཉམ་དུ་སྐུལ་འདེད་གཏོང་བའི་ཐད་ནས་གཏམ་བཤད།


བསོད་ནམས་ཚེ་རིང་གིས་བསྒྱུར།