བདེན་འཚོལ་དུས་དེབ་སྟེང་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་རྩོམ་ཡིག་གལ་ཆེན་ཏེ། ལས་བཟོ་བ་དུང་ཕྱུར་མང་པོར་སྐུལ་སློང་བྱས་ནས་རྒྱལ་ཁབ་སྟོབས་ལྡན་འཛུགས་སྐྲུན་དང་མི་རིགས་བསྐྱར་དར་གྱི་དོན་ཆེན་ཁྲོད་ཞུགས་སུ་འཇོག་དགོས་ཞེས་པ་སྤེལ།
2024.05.01 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 9

ཟླ་ལྔ་པའི་ཚེས་གཅིག་ཉིན་གྱི་འདོན་ཐེངས་དགུ་པའི་བདེན་འཚོལ་དུས་དེབ་སྟེང་དུ་ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི། རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་དོན་ཨུ་ཡོན་ལྷན་ཁང་གི་ཀྲུའུ་ཞི་ཞི་ཅིན་ཕིང་གི་རྩོམ་ཡིག་གལ་ཆེན་ཏེ། ལས་བཟོ་བ་དུང་ཕྱུར་མང་པོར་སྐུལ་སློང་བྱས་ནས་རྒྱལ་ཁབ་སྟོབས་ལྡན་འཛུགས་སྐྲུན་དང་མི་རིགས་བསྐྱར་དར་གྱི་དོན་ཆེན་ཁྲོད་ཞུགས་སུ་འཇོག་དགོས་ཞེས་པ་སྤེལ།

རྩོམ་ཡིག་ལས་བསྟན་དོན། ཏང་གི་ཚོགས་ཆེན་ཐེངས་བཅོ་བརྒྱད་པའི་ཚུན་ལ། ཏང་ཀྲུང་དབྱང་གི་མགོ་ཁྲིད་སྟོབས་ལྡན་འོག རང་རེའི་རྒྱལ་ཁབ་ཀྱི་བཟོ་བའི་གྲལ་རིམ་གྱིས་ཏང་དང་རྒྱལ་ཁབ་ཀྱི་ལས་དོན་འཕེལ་རྒྱས་ཁྲོད་གཙོ་ཤུགས་དམག་གི་ནུས་པ་འདོན་སྤེལ་བྱས་པ་དང་། བཟོ་བའི་ལས་འགུལ་ལས་དོན་ཐད་ལོ་རྒྱུས་རང་བཞིན་གྱི་གྲུབ་འབྲས་བླངས་ལ། བཟོ་ཚོགས་བྱ་བ་ཕྱོགས་ཡོངས་ནས་འཕེལ་རྒྱས་སུ་འགྲོ་བར་སྐུལ་འདེད་བཏང་། རྒྱ་ཆེའི་ལས་བཟོ་བ་དང་མང་ཚོགས་ཀྱིས་ཏང་དང་སེམས་གཅིག་དང་ཏང་གི་རྗེས་སུ་འབྲངས་ནས་དཔལ་འབྱོར་འཛུགས་སྐྱོང་དང་ཚན་རིག་གསར་གཏོད། དབུལ་ཐར་མཁྲེགས་གཏོར། གྲོང་གསེབ་དར་སྤེལ། རིམས་ནད་འགོག་སྡོམ་སོགས་བྱ་བ་གཙོ་བོའི་ཁྲོད་འབད་འཐབ་ཧུར་ཐག་བྱས་པ་དང་། དཔའ་ངར་ཆེན་པོས་འགན་འཁྲི་ཕྲག་ཏུ་ལེན་པའི་དུས་རབས་ཀྱི་གཟི་མདངས་མངོན་པར་བྱས།

རྗེས་ཕྱོགས་ཀྱི་དུས་སྐབས་ཤིག་གི་བཟོ་ཚོགས་ཀྱི་བྱ་བའི་ཐད་ནས་རྩོམ་ཡིག་ཁྲོད་བསྟན་དོན། གཅིག ཏང་གིས་བཟོ་ཚོགས་ལ་ཕྱོགས་ཡོངས་ནས་མགོ་ཁྲིད་བྱ་རྒྱུ་རྒྱུན་འཁྱོངས་བྱ་དགོས། རང་རྒྱལ་ཀྱི་བཟོ་ལས་ལས་འགུལ་བྱ་བ་དེ་ཏང་གི་སྣེ་ཁྲིད་འོག་འཕེལ་རྒྱས་སུ་སོང་བ་དང་། བཟོ་ཚོགས་ནི་ཏང་གིས་མགོ་ཁྲིད་པའི་བཟོ་བའི་གྲལ་རིམ་གྱི་མང་ཚོགས་རྩ་འཛུགས་ཤིག་ཡིན། ཏང་གིས་བཟོ་ཚོགས་ལ་ཕྱོགས་ཡོངས་ནས་མགོ་ཁྲིད་བྱེད་པ་རྒྱུན་འཁྱོངས་བྱེད་པ་ནི་དུས་སྐབས་དང་གནས་ཚུལ་གང་རུང་འོག་གཏན་ནས་གཡོ་འགུལ་གཏོང་མི་རུང་བ་དང་། ནོར་འཁྲུལ་འབྱུང་མི་རུང་། ཏང་གིས་མགོ་ཁྲིད་པ་རྒྱུན་འཁྱོངས་བྱེད་པ་དེ་ཕྱོགས་ཡོངས་དང་ནུས་ལྡན་སྒོས་བཟོ་ཚོགས་བྱ་བའི་གོ་རིམ་ཧྲིལ་བོ་དང་ཕྱོགས་སོ་སོར་ཁྱབ་པར་བྱ་དགོས། བློ་བརྟན་འགྱུར་མེད་ངང་ཏང་ཀྲུང་དབྱང་གི་དབང་ཟིལ་དང་གཅིག་བསྡུས་གཅིག་གྱུར་གྱི་མགོ་ཁྲིད་ལ་སྲུང་སྐྱོང་བྱས་ནས་བློ་བརྟན་འགྱུར་མེད་ངང་དུས་རབས་གསར་བའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རང་ལུགས་དགོངས་པས་བློ་སྒྲིལ་སེམས་བསྐྱེད་བྱེད་པ། རྒྱལ་དོན་གྱི་ཆེ་ཕྱོགས་ཡིད་ལ་དམ་པོར་དམིགས་ནས་ཏང་ཀྲུང་དབྱང་གི་ཇུས་ཆོད་བཀོད་སྒྲིག་བཟོ་ཚོགས་སུ་མ་ལག་ལྡན་པའི་སྒོ་ནས་ལག་བསྟར་བྱེད་པར་སྐུལ་འདེད་གཏང་དགོས། བསམ་བློ་ཆབ་སྲིད་སྣེ་ཁྲིད་ལ་ཤུགས་བསྣན་ནས་རྒྱ་ཆེའི་ལས་བཟོ་བར་སློབ་གསོ་བཏང་སྟེ་བློ་བརྟན་འགྱུར་མེད་ངང་ཏང་གི་བཀའ་ལ་ཉན་པ་དང་ཏང་གི་རྗེས་སུ་འབྲངས་དགོས།   གཉིས། ལས་བཟོ་བ་དུང་ཕྱུར་མང་པོར་སྐུལ་སློང་བྱས་ནས་སྐྱོད་ལམ་གསར་བར་འབད་པས་བསྐྱོད་པ་དང་དུས་རབས་གསར་བར་བྱས་རྗེས་འཇོག་དགོས། བཟོ་ཚོགས་ཀྱི་བྱ་བ་ནི་སྣ་མང་ཤིག་ཡིན་ཡང་། མདོར་བསྡུས་ན་རྒྱ་ཆེའི་ལས་བཟོ་བ་དང་མང་ཚོགས་ཀྱིས་ཏང་གི་མཐའ་འཁོར་དུ་མཐུན་སྒྲིལ་དམ་ཟབ་བྱེད་པ་དང་ཏང་གི་རྩ་བའི་ལས་འགན་དོན་སྨིན་འབྱུང་བར་མཐུན་སྒྲིལ་འབད་འཐབ་བྱ་དགོས། བློ་གཅིག་སེམས་གཅིག་གིས་བཟོ་བའི་གྲལ་རིམ་ལ་བརྟེན་པའི་གཞི་རྩའི་བྱེད་ཕྱོགས་རྒྱུན་འཁྱོངས་བྱས་ཏེ་རྒྱ་ཆེའི་ལས་བཟོ་བའི་རང་འགུལ་རང་བཞིན་དང་རང་རྟོགས་རང་བཞིན། གསར་གཏོད་རང་བཞིན་ལ་སྐུལ་སློང་བྱས་ནས་རྒྱལ་ཁབ་སྟོབས་ལྡན་འཛུགས་སྐྲུན་དང་མི་རིགས་བསྐྱར་དར་གྱི་རླབས་ཆེན་བྱ་གཞག་ཁྲོད་ཞུགས་སུ་འཇུག་དགོས། ངལ་རྩོལ་དཔེ་ལེགས་མི་སྣའི་སྙིང་སྟོབས་དང་ངལ་རྩོལ་སྙིང་སྟོབས། བཟོ་བའི་སྙིང་སྟོབས་དར་སྤེལ་གཏོང་དགོས། གསུམ། བློ་སེམས་རྣམ་དག་གིས་ཁེ་དབང་ལ་སྲུང་སྐྱོབ་བྱེད་པའི་ཞབས་ཞུའི་བྱ་བ་བཟང་པོར་བསྒྲུབ་དགོས། མི་དམངས་ཡོངས་མཉམ་དུ་ཕྱུག་པོར་འགྱུར་བའི་ཐད་སྔར་ལས་ལྷག་པའི་འཕེལ་རྒྱས་འབྱུང་བར་བྱ་དགོས་ལ། དེ་ཐོག་མར་ངལ་རྩོལ་པ་དུང་ཕྱུར་མང་པོའི་སྟེང་མངོན་པར་བྱ་དགོས། བཟོ་ཚོགས་དེ་ལས་བཟོ་པའི་ཁེ་ཕན་གྱི་འཐུས་ཚབ་པ་དང་སྲུང་སྐྱོབ་མཁན་ཡིན་པའི་ངོས་ནས་ལས་བཟོ་བ་དང་མང་ཚོགས་ཀྱི་དོན་དངོས་ཁེ་ཕན་དང་འབྲེལ་བའི་གནད་དོན་དངོས་ཐག་གཅོད་པ་དང་ལས་རྣམ་གསར་བའི་ངལ་རྩོལ་པའི་ཁྲིམས་མཐུན་ཁེ་དབང་ལ་ལྷག་པར་སྲུང་སྐྱོང་བྱ་དགོས། ལས་བཟོ་བ་རྣམས་ཀྱིས་ཁྲིམས་མཐུན་ལུགས་མཐུན་སྒོས་ཁེ་ཕན་ཐད་ཀྱི་རེ་བ་བཤད་པ་དང་རང་སྟེང་གི་ཁེ་དབང་ལ་སྲུང་སྐྱོབ་བྱས་ནས་འཆམ་མཐུན་གྱི་ངལ་རྩོལ་འབྲེལ་བར་སྐུལ་འདེད་གཏོང་དགོས།

རྩོམ་ཡིག་ལས་ནན་གྱིས་བསྟན་དོན། བཟོ་ཚོགས་ནི་ལས་བཟོ་པའི་ཁྱིམ་ཡིན་པ་དང་། བཟོ་ཚོགས་ཀྱི་ལས་བྱེད་པ་ནི་ལས་བཟོ་བའི་གཉེན་ཉེ་འབྲེལ་དང་ཤ་ཉེ་རིང་ཡིན། བཟོ་ཚོགས་ཀྱི་བཅོས་སྒྱུར་དང་འཛུགས་སྐྱོང་མུ་མཐུད་གཏིང་ཟབ་ཏུ་སྤེལ་ནས་གཞི་རིམ་དམ་འཛིན་བྱེད་པའི་ཁྲིད་ཕྱོགས་མངོན་པར་གསལ་བ་སྲ་བརྟན་དུ་བཏང་ནས་གཞི་རིམ་བཟོ་ཚོགས་བྱ་བའི་སྣེ་ཁྲིད་ནུས་པ་དང་རྩ་འཛུགས་ནུས་པ། ཞབས་ཞུའི་ནུས་པ་བཅས་ཤུགས་དྲག་ཏུ་གཏོང་དགོས། རིམ་པ་སོ་སོའི་ཏང་ཨུ་དང་ཏང་ཙུའུ་ཡིས་བཟོ་ཚོགས་དང་བཟོ་ཚོགས་བྱ་བའི་འགོ་ཁྲིད་ལ་ཤུགས་སྣོན་དགོས།རིམ་པ་སོ་སོའི་སྲིད་གཞུང་གིས་བཟོ་ཚོགས་ཀྱི་ལས་བཟོ་བའི་དངོས་ཡོད་དཀའ་ཁག་དང་གནད་དོན་ཐག་གཅོད་པར་རོགས་རམ་བྱ་དགོས།