ཁྲིན་ཀང་གིས་མཚོ་སྔོན་མི་རིགས་སློབ་ཆེན་ནས་བསམ་བློའི་ཆབ་སྲིད་སློབ་ཁྲིད་བྱས།
2024.05.01 ཁུངས། མཚོ་སྔོན་གསར་འགྱུར་དྲ་བ། ཀློག་གྲངས། 0

ལྔ་བཞིའི་ན་གཞོན་དུས་ཆེན་ཐོན་ལ་ཉེ་བའི་སྐབས་སུ། ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི། ཞིང་ཆེན་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རིན་ཁྲིན་ཀང་མཚོ་སྔོན་མི་རིགས་སློབ་ཆེན་དུ་སོང་ནས། ཞིང་ཆེན་ཡོངས་ཀྱི་མཐོ་རིམ་སློབ་གྲྭའི་དགེ་སློབ་འཐུས་མིར་བསམ་བློའི་ཆབ་སྲིད་སློབ་ཁྲིད་བྱས་ཏེ། ཞིང་ཆེན་ཡོངས་ཀྱི་རིགས་སོ་སོའི་ན་གཞོན་དག་ལ་དུས་ཆེན་གྱི་རྟེན་འབྲེལ་དང་ལྷག་བསམ་རྣམ་དག་གི་འཚམས་འདྲི་བྱས་པར་མ་ཟད། ཚང་མས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མཚོ་སྔོན་གྱི་ཐུགས་ཁུར་དང་བརྩེ་བ་ཟབ་མོ་སེམས་ཀྱིས་མྱོང་བར་བྱེད་པ་དང་། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་དང་མཛུབ་སྟོན་གལ་ཆེན་གྱི་དགོངས་དོན་གསལ་བོར་ངེས་པ། ཡིད་ཆེས་ཡོད་ཅིང་བློ་སྤོབས་ཆེན་པོས་ལོ་རྒྱུས་ཀྱི་འགན་འཁྲི་ཁུར་དུ་བླངས་ནས། རང་ཉིད་བློས་གཏོང་བའི་འགན་འཁྲིའི་ཁག་ཁུར་གྱིས་དེང་རབས་ཅན་གྱི་མཚོ་སྔོན་གསར་བ་འཛུགས་སྐྲུན་བྱེད་པའི་ལག་ལེན་ཁྲོད་ངོ་མཚར་བར་མི་ཚེ་འབྲི་བཞེངས་བྱེད་དགོས།

ཟླ་བཞི་བའི་ཚེས་སུམ་ཅུ་ཉིན་གྱི་སྔ་དྲོར། སློབ་ཆེན་སློབ་མའི་བྱ་འགུལ་ལྟེ་གནས་ཀྱི་སྙན་ཞུའི་ཚོམས་ཁང་དུ་སྤྲོ་སེམས་འཁོལ་བའི་ཐལ་མོ་རྡེབ་སྒྲས་ཁེངས། ཁྲིན་ཀང་གིས་མཚོ་སྔོན་ལ་རྒྱུས་ལོན་ཡོད་པ་དང་། མཚོ་སྔོན་ལ་དགའ་ཞེན་ཡོད་པ། མཚོ་སྔོན་དར་རྒྱས་སུ་གཏོང་བ་བཅས་བརྗོད་སྙིང་དུ་བྱས་ཤིང་། རང་ཉིད་ཀྱི་མཐོང་ཐོས་དྲན་བསམ་ལ་ཟུང་འབྲེལ་བྱས་ཏེ། གསོན་ཉམས་ལྡན་པའི་གཏམ་རྒྱུད་རྒྱས་བཤད་བྱས་པ་ལ་བརྟེན་ནས་ཡུལ་དངོས་ནས་དྲི་ལན་འདེབས་པའི་བྱེད་ཐབས་སྤྱད་དེ། ཚང་མར་མཚོ་སྔོན་ལ་རྒྱུས་ལོན་བྱེད་པའི་གཞུང་ལུགས་ཟུར་ཁྲིད་དང་། མཚོ་སྔོན་ལ་དགའ་ཞེན་བྱེད་པའི་ཆབ་སྲིད་སྣེ་ཁྲིད། མཚོ་སྔོན་དར་རྒྱས་སུ་གཏོང་བའི་ལག་ལེན་མཛུབ་སྟོན་བཅས་ཀྱི་སློབ་ཁྲིད་ཅིག་བྱས་པ་རེད།

ཁྲིན་ཀང་གིས་བཤད་རྒྱུར། མཚོ་སྔོན་ལ་རྒྱུས་ལོན་བྱེད་པར་མཚོ་སྔོན་གྱི་ཕྱི་རོལ་དུ་བུད་ནས་མཚོ་སྔོན་ལ་བལྟ་དགོས། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་མཚོ་སྔོན་ལ་བཏོན་པའི་ཆེས་ཆེ་བ་གསུམ་གྱི་ཞིང་ཆེན་གནས་ཚུལ་གྱི་གཏན་གནས་དང་སྔར་ལས་གལ་ཆེ་བ་གསུམ་གྱི་འཐབ་ཇུས་གོ་གནས་ཁྲོད་ནས་མཚོ་སྔོན་ལ་ངོས་འཛིན་བྱེད་དགོས། མཚོ་སྔོན་ལ་དགའ་ཞེན་བྱེད་ན་གནས་འདིའི་མི་དང་དོན་ལ་རྒྱུས་ལོན་བྱེད་དགོས། ཏང་གཅེས་དང་རྒྱལ་གཅེས། སྤྱི་ཚོགས་རིང་ལུགས་ལ་དགའ་བའི་བརྩེ་བ་ཟབ་མོ་ཆགས་པར་བྱས་ནས། སྔར་ལས་བློ་བརྟན་འགྱུར་མེད་ཀྱིས་ཏང་གི་གསུང་ལ་ཉན་པ་དང་ཏང་གི་དྲིན་བསམ་པ། ཏང་གི་རྗེས་སུ་འབྲངས་དགོས། མཚོ་སྔོན་དར་སྤེལ་བྱེད་པར་ཆེས་བཟང་བའི་འཕེལ་རྒྱས་དུས་སྐབས་དམ་འཛིན་བྱས་ཏེ། སྐྱེ་ཁམས་དཔལ་ཡོན་གྱི་མཐོ་ས་གསར་བསྐྲུན་དང་ཐོན་ལས་གནས་བཞི་འཛུགས་སྐྲུན་བྱེད་དགོས་ལ། མེས་རྒྱལ་གྱི་རླབས་ཆེ་བའི་ལོ་རྒྱུས་འཕེལ་རིམ་ལ་དམ་དུ་སྦྲེལ་ནས་དེང་རབས་ཅན་གྱི་མཚོ་སྔོན་གསར་བར་མཉམ་གསོན་མཉམ་གནས་བྱེད་དགོས།

ཁྲིན་ཀང་གིས་མཚོ་སྔོན་ལ་རྒྱུས་ལོན་བྱས་པ་ལས་ང་ཚོར་རེ་སྒུག་སྔར་ལས་ཆེ་བར་བྱས་པ་དང་མཚོ་སྔོན་ལ་དགའ་ཞེན་ཆེ་བ་ལས་ང་ཚོ་སྔར་ལས་བརྩེ་བ་ལྡན་པར་བྱས་ཡོད་ལ། མཚོ་སྔོན་དར་རྒྱས་སུ་གཏོང་བ་ལས་ང་ཚོ་སྔར་ལས་ཡིད་ཆེས་ལྡན་པར་བྱས་ཡོད། བཞུད་ལམ་གསར་བ་དང་མཚོ་སྔོན་གསར་བ། ན་གཞོན་གསར་སྐྱེས་ཡིན་པས། སློབ་གྲོགས་ཚོས་རྩ་ཆེ་བའི་ལང་ཚོ་ལ་གཅེས་སྤྲས་བྱེད་པ་དང་རྒྱལ་ཁབ་དང་ཁྱིམ་ཚང་ལ་བརྩེ་བ་ཟབ་མོ་བཅངས་པ། ཡར་བརྩོན་གྱི་གཤིས་ཀ་ཆགས་པར་བྱེད་དགོས་ལ། ནན་ནན་ཏིག་ཏིག་གིས་ཉམས་མྱོང་བསགས་ནས་མཚོ་སྔོན་དུ་མཉམ་སྐྱོད་བྱས་ཏེ་འབད་འཐབ་ཀྱིས་ཕུགས་འདུན་འགྲུབ་པར་བྱེད་དགོས་ཟེར།

དགེ་སློབ་ཚོས་གཅིག་གྱུས་སྒོས་བལྟས་ན། ཧྲུའུ་ཅི་ཁྲིན་ཀང་གིས་སློབ་ཁྲིད་བྱས་པ་ལས་ཚང་མའི་མཚོ་སྔོན་གནས་ཚུལ་སྐོར་གྱི་ངོས་འཛིན་ཇེ་ཟབ་ཏུ་སོང་བ་དང་། སྔར་ལས་ལྷག་པའི་སྒོ་ནས་མཚོ་སྔོན་ལ་རྒྱུས་ལོན་དང་མཚོ་སྔོན་ལ་དགའ་ཞེན། མཚོ་སྔོན་དར་རྒྱས་སུ་གཏོང་བའི་རྣམ་དག་གི་བརྩེ་བ་སྐུལ་སྤེལ་བྱེད་དགོས་པར་འདོད། ཚང་མས་བསྟན་དོན། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་བསླབ་བྱ་དང་ངག་བཅོལ་ལ་གོ་བ་ཟབ་མོ་ལེན་པ་དང་། རང་རྟོགས་ཀྱིས་མི་སྒེར་གྱི་ཕུགས་འདུན་དེ་རྒྱལ་ཁབ་སྟོབས་འབྱོར་ལྡན་པ་དང་། མི་རིགས་བསྐྱར་དར་གྱི་རླབས་ཆེན་ལས་དོན་ཁྲོད་འདྲེས་པར་བྱས་ཏེ། ཧུར་ཐག་སྒོས་དེང་རབས་ཅན་གྱི་མཚོ་སྔོན་གསར་བ་འཛུགས་སྐྲུན་བྱེད་པའི་རླབས་ཆེན་ལག་ལེན་ཁྲོད་ཁག་ཁུར་བློ་སྤོབས་ཡོད་པ་དང་། ལས་སྐྲུན་བྱས་རྗེས་འཇོག་དགོས་ཟེར།

བསམ་བློའི་ཆབ་སྲིད་སློབ་ཁྲིད་མ་བྱས་གོང་། ཁྲིན་ཀང་མཚོ་སྔོན་མི་རིགས་སློབ་ཆེན་བོད་རིག་པའི་སློབ་གླིང་དུ་སོང་ནས་གེ་སར་རིག་གནས་ཀྱི་སྲུང་སྐྱོབ་དང་བེད་སྤྱོད་བྱ་བར་རྟོག་ཞིབ་བྱས་པ་དང་། གེ་སར་རིག་གནས་ནི་རྒྱུ་ནོར་རྩ་ཆེན་ཞིག་ཡིན་པས། སྤྱི་ཚོགས་རིང་ལུགས་ཀྱི་སྲོག་ཤིང་རིན་ཐང་ལྟ་བར་ཟུང་འབྲེལ་བྱས་ཤིང་། ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པའི་འདུ་ཤེས་སྲ་བརྟན་དུ་གཏོང་བ་འབུར་ཐོན་དུ་བྱས་ནས། ཕུལ་བྱུང་སྲོལ་རྒྱུན་རིག་ནས་རྒྱུན་འཛིན་དང་དར་སྤེལ་བྱེད་དགོས་ལ། དེའི་ཞོར་དུ་གཞི་གྲངས་ལག་རྩལ་བྱེད་ཐབས་བེད་སྤྱད་ནས་ལོ་རྒྱུས་རྒྱུ་ཆའི་བསྟན་བཅོས་ཀྱི་འཚོལ་སྡུད་དང་ལེགས་སྒྲིག་སོགས་ཀྱི་བྱ་བར་ཤུགས་སྣོན་དགགོས་པ་ནན་བཤད་བྱས།

ཞིང་ཆེན་ཡོངས་ཀྱི་མཐོ་རིམ་སློབ་གྲྭའི་དགེ་སློབ་འཐུས་མི་དང་། ཞིང་ཆེན་ཐད་གཏོགས་ཀྱི་འབྲེལ་ཡོད་སྡེ་ཁག་གི་འགན་ཁུར་བློ་མཐུན་བཅས་མི་སྟོང་ཙམ་གྱིས་བསམ་བློའི་ཆབ་སྲིད་སློབ་ཁྲིད་ལ་ཉན། ཞིང་ཆེན་ཏང་ཨུའི་རྒྱུན་ལས་ཨུ་ཡོན། དྲུང་ཡིག་ཆེན་མོ་ཀྲུའུ་ཞང་ཧྥུན་སློབ་ཁྲིད་ལ་ཞུགས། ཧྲིན་ཀྲང་གཞོན་པ་དབྱང་ཀྲི་ཝུན་སློབ་ཁྲིད་ལ་ཞུགས་པར་མ་ཟད་བསམ་བློའི་ཆབ་སྲིད་སློབ་ཁྲིད་ལ་མགོ་འཛིན་བྱས།


བསོད་ནམས་ཚེ་རིང་གིས་བསྒྱུར།