ཞིང་ཆེན་ཡོངས་ཀྱི་ཞོད་འགོག་ཐན་འགོག་དང་ས་གཤིས་གནོད་འཚེའི་ཉེན་གཡོལ་གནས་སྤོ་ལས་དོན་གྱི་བརྙན་འཕྲིན་ཚོགས་འདུ་བསྡུས། 
2024.05.01 ཁུངས། མཚོ་སྔོན་གསར་འགྱུར་དྲ་བ། ཀློག་གྲངས། 0

ཞིང་ཆེན་ཡོངས་ཀྱི་ཞོད་འགོག་ཐན་འགོག་དང་ས་གཤིས་གནོད་འཚེའི་ཉེན་གཡོལ་གནས་སྤོ་ལས་དོན་གྱི་བརྙན་འཕྲིན་ཚོགས་འདུ་བསྡུས། 

ཟླ4བའི་ཚེས30ཉིན། ཞིང་ཆེན་ཡོངས་ཀྱི་ཞོད་འགོག་ཐན་འགོག་དང་ས་གཤིས་གནོད་འཚེའི་ཉེན་གཡོལ་གནས་སྤོ་ལས་དོན་གྱི་བརྙན་འཕྲིན་ཚོགས་འདུ་ཟི་ལིང་དུ་བསྡུས་ཤིང་། རྒྱལ་ཡོངས་ཀྱི་ཞོད་འགོག་ཐན་འགོག་ལས་དོན་གྱི་བརྙན་འཕྲིན་ཚོགས་འདུའི་དགོངས་དོན་བརྒྱུད་བསྒྲགས་དང་སློབ་སྦྱོང་བྱས་པ་དང་། ན་ནིང་གི་ལས་དོན་ལ་ཕྱོགས་སྡོམ་བྱས་པར་མ་ཟད། དུས་བབ་ལ་དབྱེ་ཞིབ་དང་ཞིབ་འཇུག་བྱས་ལ། གཙོ་གནད་ལས་འགན་བཀོད་སྒྲིག་བྱས། ཞིང་ཆེན་ཏང་ཨུའི་རྒྱུན་ལས་ཨུ་ཡོན། ཧྲིན་ཀྲང་གཞོན་པ། ཞིང་ཆེན་ཞོད་འགོག་ཐན་འགོག་བཀོད་འདོམས་པུའུ་ཡི་སྤྱིའི་བཀོད་འདོམས་པ་ཝང་ལིན་ཧུའུ་ཚོགས་འདུར་ཞུགས་པར་མ་ཟད་གཏམ་བཤད། ཧྲིན་ཀྲང་གཞོན་པ་ལིའུ་ཐའོ་ཡིས་ཚོགས་འདུར་འགོ་འཛིན་བྱས།

ཚོགས་འདུའི་སྟེང་བསྟན་དོན། ན་ནིང་རང་ཞིང་གི་གནོད་འཚེ་ཧ་ཅང་ཆེ་བའི་གནམ་གཤིས་ཅུང་འབུར་ཐོན་ཡིན་པས། ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་སྲིད་གཞུང་གི་འགོ་ཁྲིད་བརྟན་པོའི་འོག་ས་གནས་སོ་སོ་དང་སྡེ་ཁག་སོ་སོས་འགན་འཁྲི་སྒྲུབ་པ་དང་ཕན་ནུས་ལྡན་པའི་མཐུན་སྦྱོར་བྱས་ཤིང་། རྒྱ་ཆེའི་ལས་བྱེད་པ་དང་མང་ཚོགས་ཀྱིས་མཐུན་སྒྲིལ་འབད་འཐབ་བྱས་ནས་མི་དམངས་མང་ཚོགས་ཀྱི་ཚེ་སྲོག་དང་རྒྱུ་ནོར་བདེ་འཇགས་ལ་འགན་ལེན་ནུས་ལྡན་ཐུབ་ཡོད།

 ཚོགས་འདུའི་སྟེང་ནན་གྱིས་བསྟན་དོན། ད་ལོའི་ཞོད་འགོག་ཐན་འགོག་གི་དུས་བབ་ཡག་པོ་མིན་པས་ས་གནས་སོ་སོ་དང་སྡེ་ཁག་སོ་སོས་བྱ་བའི་རྣམ་པ་མགྱོགས་མྱུར་ངང“ཆུ་འབྲུབ་དུས་ཚིགས”སུ་ལེགས་སྒྲིག་བྱས་ཏེ་ཆུ་འབྲུབ་དུས་ཚིགས་མ་སླེབས་གོང་གི་དུས་ཚོད་དམ་འཛིན་བྱས་ནས་སྔ་མོ་ནས་བཀོད་སྒྲིག་དང་སྔ་མོ་ནས་གྲ་སྒྲིག་བྱས་ཏེ་ཆུ་འབྲུབ་དུས་ཚིགས་གཙོ་བོ་བདེ་འཇགས་ཡོང་བར་འགན་ལེན་བྱེད་དགོས། མ་ལག་གི་འདུ་ཤེས་མཐའ་འཁྱོངས་བྱས་ནས་ཆུ་འབྲུབ་སྔོན་གྱི་ཞིབ་བཤེར་ནན་ཏན་བྱེད་པ་དང་། ལྟ་ཞིབ་ཚད་ལེན་དང་སྔོན་བརྡ་གཏོང་ཤུགས་ཆེ་རུ་གཏོང་བ། འཕྲལ་བསྟུན་རོགས་སྐྱོབ་གྲ་སྒྲིག་ཡག་པོ་བྱེད་པ། ཆུ་ལོག་འགོག་པའི་བཟོ་སྐྲུན་འཛུགས་སྐྲུན་ཇེ་མགྱོགས་སུ་གཏོང་བ། ཐན་པ་འགོག་པའི་ལས་དོན་གཅིག་གྱུར་གྱིས་སྤེལ་བ། ཆུ་ལོག་དང་ཐན་པ་ཚབས་ཆེན་གྱི་ཉེན་ཁ་སྔོན་འགོག་ནུས་ལྡན་བཅས་བྱས་ཏེ་ཉེན་ཁ་བྱུང་ན་མགྱོགས་མྱུར་ངང་ཁ་གཏད་གཅོག་དགོས། ས་གཤིས་གནོད་འཚེའི་ཉེན་གཡོལ་གནས་སྤོ་བཟོ་སྐྲུན་ལ་མགྱོགས་མྱུར་ངང་སྐུལ་འདེད་བཏང་ནས་གནས་སྤོ་བྱ་ཡུལ་དབྱེ་འབྱེད་དང་། གནས་སྤོ་བྱ་ཡུལ་འདེམས་པ། སྲིད་ཇུས་གསལ་འགྲེལ་དྲིལ་བསྒྲགས་སོགས་གཙོ་གནད་ལས་དོན་སེམས་ཤུགས་ཅི་ཡོད་ཀྱིས་ཡག་པོ་བསྒྲུབས་ཏེ་དུས་བགོས་དང་ཁག་བགོས། གོ་རིམ་ལྡན་པའི་སྒོ་ནས་ཉེན་གཡོལ་གནས་སྤོ་ལས་དོན་ལ་སྐུལ་འདེད་བཏང་ནས“གནས་སྤོ་དགོས་ན་སྔ་མོ་ནས་གནས་སྤོ་བ་དང་གནས་སྤོ་དགོས་པ་ཅི་ནུས་ཀྱིས་གནས་སྤོ་བར”ཧུར་ཐག་བྱ་དགོས། ཞོད་འགོག་ཐན་འགོག་གི་བཀོད་འདོམས་མ་ལག་ལ་ཤུགས་སྣོན་རྒྱག་པ་དང་། འགན་འཁྲི་དོན་འཁྱོལ་བྱེད་ཤུགས་ཆེ་རུ་གཏོང་བ། ལས་རེས་ལས་སྲུང་ཡག་པོ་བྱས་ནས་བྱ་བ་དོན་ཐོག་ཏུ་འཁྱོལ་ཐུབ་པར་འགན་ལེན་ཏན་ཏིག་བྱ་དགོས། 

ཤ་བོ་གསེར་མཚོས་བསྒྱུར།