“ལྔ་གཅིག”རྒྱལ་སྤྱིའི་ངལ་རྩོལ་དུས་ཆེན་ཐོན་ལ་ཉེ་བའི་སྐབས་སུ། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཏང་ཀྲུང་དབྱང་གི་ཚབ་ཞུས་ནས་རྒྱལ་ཡོངས་ཀྱི་རྒྱ་ཆེའི་ངལ་རྩོལ་མང་ཚོགས་ལ་དུས་ཆེན་གྱི་རྟེན་འབྲེལ་ཞུས་པ་དང་ལྷག་བསམ་ཟོལ་མེད་ཀྱི་སྒོ་ནས་འཚམས་འདྲི་ཞུས། ཁོང་གིས་ངལ་རྩོལ་གྱིས་དུས་རབས་ཀྱི་གཟི་བརྗིད་བྲིས་ནས། འབད་འཐབ་བྱས་ཏེ་མཛེས་སྡུག་ལྡན་པའི་འབྱུང་འགྱུར་བསྐྲུན་དགོས། རྒྱ་ཆེའི་ངལ་རྩོལ་མང་ཚོགས་ཀྱིས་ངལ་རྩོལ་དཔེ་སྟོན་གྱི་སྙིང་སྟོབས་དང་ངལ་རྩོལ་གྱི་སྙིང་སྟོབས། ལག་ཤེས་ཀྱི་སྙིང་སྟོབས་བཅས་དར་སྤེལ་ཤུགས་ཆེན་གཏོང་བ་དང་། ལས་བརྩོན་ལས་བཀུར་དང་གསར་གཏོད་གསར་འབྱེད་བཅས་བྱས་ཏེ། སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་བརྟེན་ནས་ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་གྱི་ལག་ལེན་དངོས་ལ་སྐུལ་འདེད་གཏོང་བའི་ཁྲོད་འབད་པས་ཞུགས་ནས། རྒྱལ་ཁབ་སྟོབས་ལྡན་འཛུགས་སྐྲུན་དང་མི་རིགས་བསྐྱར་དར་གྱི་རླབས་ཆེན་བྱ་གཞག་ལ་ཁྱོན་ཡོངས་ནས་སྐུལ་འདེད་གཏོང་ཆེད་འབད་བརྩོན་ལྷོད་མེད་བྱེད་རྒྱུའི་རེ་ལྟོས་ཆེ་ཞེས་གསུངས། སྤྱི་ཁྱབ་ཧྲུའུ་ཅིའི་མངགས་བཅོལ་ཟབ་མོ་བློ་ལ་བརྟན་པོར་ངེས་པར་བྱས་ཏེ། ལས་རིགས་སོ་སོའི་མི་ཚང་མས་དཀའ་སྤྱད་ངལ་རྩོལ་དང་སྒེར་སེམས་མེད་པའི་སྒོ་ནས་བྱས་རྗེས་བཞག་སྟེ། བྱ་སྤྱོད་དངོས་ལ་བརྟེན་ནས་ཕུགས་འདུན་འགྲུབ་པར་བྱེད་རྒྱུ་དང་། སྔར་ལས་མཛེས་སྡུག་ལྡན་པའི་འབྱུང་འགྱུར་བསྐྲུན་དགོས།
སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ངལ་རྩོལ་དུས་ཆེན་ལ་རྟེན་འབྲེལ་ཞུས་པ་དང་ངལ་རྩོལ་མི་དམངས་ལ་ལྷག་བསམ་ཟོལ་མེད་ཀྱི་སྒོ་ནས་འཚམས་འདྲི་ཞུས་པའི་དབང་གིས། འབད་འབུངས་ལྷོད་མེད་བྱེད་མཁན་གྱི་ངལ་རྩོལ་པ་ཚང་མར་སྐུལ་ལྕག་ཆེན་པོ་ཐེབས་ཡོད།
སྤྱི་ཚོགས་རིང་ལུགས་ནི་བསྒྲུབས་ནས་བྱུང་བ་ཞིག་ཡིན་ལ། དུས་རབས་གསར་པ་ནི་འབད་འཐབ་བྱས་ཏེ་ཐོབ་པ་ཞིག་ཡིན། ཏང་གི་ཚོགས་ཆེན་ཐེངས་བཅོ་བརྒྱད་པའི་ཚུན་དུ། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གཞི་རིམ་གྱི་འཐབ་ཕྱོགས་དང་པོའི་ངལ་རྩོལ་པའི་ཁྲོད་དུ་ཡང་ཡང་ཕེབས་པ་དང་། ཁོང་གིས་ངལ་རྩོལ་གསར་གཏོད་ལ་བསྔགས་བརྗོད་ཆེན་པོ་གནང་བ་དང་། ངལ་རྩོལ་དཔེ་བཟང་གི་སྙིང་སྟོབས་དང་ངལ་རྩོལ་གྱི་སྙིང་སྟོབས། ལག་ཤེས་ཀྱི་སྙིང་སྟོབས་བཅས་དར་སྤེལ་གང་ལེགས་གཏོང་དགོས་པར་གདམས་པའི་དབང་གིས། ངལ་རྩོལ་པ་གྲངས་མེད་ལ་དྲོད་སྣང་བསྩལ་བ་དང་ཕུགས་འདུན་དོན་གཉེར་པ་གྲངས་མེད་ལ་སྐུལ་ལྕག་ཆེན་པོ་གནང་། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ད་ལོ་ནི་ཀྲུང་གོ་གསར་པ་དབུ་བརྙེས་ནས་ལོ75འཁོར་བའི་ལོ་ཡིན་ལ། “ལོ་ལྔའི་འཆར་འགོད་བཅུ་བཞི་པའི”འཆར་འགོད་དམིགས་འབེན་དང་ལས་འགན་མངོན་འགྱུར་བྱེད་པའི་གནད་འགག་གི་ལོ་ཞིག་ཀྱང་ཡིན། རིམ་པ་སོ་སོའི་ཏང་ཨུ་དང་སྲིད་གཞུང་གིས་ངལ་རྩོལ་པའི་ཁྲིམས་མཐུན་ཁེ་དབང་མངོན་འགྱུར་བྱེད་པ་དང་དེར་སྲུང་སྐྱོབ་དང་འཕེལ་རྒྱས་བཏང་ནས། རྒྱ་ཆེའི་ངལ་རྩོལ་མང་ཚོགས་ཀྱིས་དཀའ་སྤྱད་ངལ་རྩོལ་དང་གཞུང་དྲང་ངལ་རྩོལ། གསར་གཏོད་རང་བཞིན་གྱི་ངལ་རྩོལ་བཅས་ཀྱི་ཁྲོད་ཕུགས་འདུན་འགྲུབ་པར་སྐུལ་མ་གཏོང་དགོས་ཞེས་གསུངས།
ཟླ5པའི་ཚེས1ཉིན་ནི། “ལྔ་གཅིག”རྒྱལ་སྤྱིའི་ངལ་རྩོལ་དུས་ཆེན་ཡིན་པ་དང་། མི་མང་པོ་ཞིག་གིས་རང་སོ་སོའི་ལས་གནས་བརྟན་སྲུང་བྱས་ཡོད། སྤྱི་སྤྱོད་རླངས་འཁོར་གྱི་ཁ་ལོ་པ་ནས་དངོས་པོ་སྐྱེལ་འདྲེན་བྱེད་མཁན། ཐོན་སྐྱེད་ལས་གནས་སྟེང་གི་ལས་བཟོ་པ་བཅས་ཀྱིས། བབ་བརླིང་ཏིག་ཏིག་གི་སྒོ་ནས་བྱས་རྗེས་འཇོག་གིན་ཡོད་པར་མ་ཟད། མུ་མཐུད་དུ་སྤྱིར་བཏང་གི་ལས་གནས་སྟེང་སྤྱིར་བཏང་མིན་པའི་གཏམ་རྒྱུད་འབྲི་བཞིན་ཡོད།
བན་དེ་སྐྱབས་ཀྱིས་བསྒྱུར།