ཞི་ཅིན་ཕིང་གིས་སི་མེ་ཏའེ་ལེ་ཝོ་ངར་ལྕགས་བཟོ་གྲྭའི་ལས་བཟོ་པར་འཕྲིན་ལན་བསྐུར།
2024.05.02 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 0

ཟླ4པའི་ཚེས29ཉིན། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཧི་ཀང་སྡེ་ཚོགས་ཀྱི་སི་མེ་ཏའེ་ལེ་ཝོ་ངར་ལྕགས་བཟོ་གྲྭའི་སྐྱེ་ཁུངས་སེར་ཝུའེ་ཡ་ནས་ཡིན་པའི་ལས་བཟོ་པར་འཕྲིན་ལན་བསྐུར་ནས། ཁོ་ཚོར་ཀྲུང་གོ་དང་སེར་ཝུའེ་ཡའི་མཛའ་མཐུན་འབྲེལ་བའི་ངོས་ནས་བྱས་རྗེས་གསར་པ་འཇོག་དགོས་པའི་སྐུལ་མ་བཏང་།

ཞི་ཅིན་ཕིང་གིས2016ལོར་ངས་སེར་ཝུའེ་ཡར་རྒྱལ་དོན་འཚམས་འདྲི་གནང་སྐབས། སི་མེ་ཏའེ་ལེ་ཝོ་ངར་ལྕགས་བཟོ་གྲྭར་སོང་ནས། ཁྱོད་ཚོ་དངལྷན་དུ་བསམ་ཚུལ་བརྗེ་རེས་བྱས་པ་ན། ཚང་མས་ཀྲུང་གོ་དང་སེར་ཝུའེ་ཡའི་གཉིས་ཕན་མཉམ་ལས་ལ་རྒྱབ་སྐྱོར་དང་ངར་ལྕགས་བཟོ་གྲྭའི་མཛེས་སྡུག་ལྡན་པའི་འབྱུང་འགྱུར་ལ་རེ་ལྟོས་བྱེད་ཀྱིན་པའི་ཚོར་སྣང་ཟབ་མོ་བྱིན་བྱུང་། ཁྱོད་ཚོའི་འཕྲིན་ཡིག་ལས་ངས་ཕྱོགས་གཉིས་ཀའི་དོ་དམ་ཚོགས་པ་དང་ངར་ལྕགས་བཟོ་གྲྭའི་ལས་བཟོ་པའི་ཐུན་མོང་གི་འབད་བརྩོན་འོག་ཏུ། ངར་ལྕགས་བཟོ་གྲྭའི་རྣམ་པར་འགྱུར་ལྡོག་གསར་པ་བྱུང་ནས། སི་མེ་ཏའེ་ལེ་ཝོ་གྲོང་ཁྱེར་གྱི་འཕེལ་རྒྱས་ལ་འདེགས་སྐྱོར་ནུས་ལྡན་མཁོ་འདོན་བྱས་ཡོད་པ་ཤེས་བྱུང་། ངར་ལྕགས་བཟོ་གྲྭས་ཀྲུང་གོའི་དངུལ་གཏོང་ཁེ་ལས་ཀྱིས་མ་དངུལ་བཏང་རྗེས་གྱོང་གུད་མགྱོགས་མྱུར་ངང་གསབ་ནས་ཁེ་ཕན་དུ་བསྒྱུར་བ་དང་། ལས་བཟོ་པ5000ལྷག་གི་ལས་གནས་ལ་འགན་ལེན་བྱེད་ཐུབ་ཡོད་པར་མ་ཟད། ཁྱིམ་ཚང་སྟོང་ཕྲག་འགས་ལྷིང་འཇགས་དང་བདེ་སྐྱིད་ཀྱི་འཚོ་བ་རོལ་ཐུབ་ཡོད་པ་ཚོར་བས་ང་ཧ་ཅང་དགའ་སྤྲོ་སྐྱེས་ཡོད། ངར་ལྕགས་བཟོ་གྲྭའི་འཕེལ་རྒྱས་ནི་ལས་བརྩོན་ལས་བཀུར་དང་འབད་འབུངས་ཧུར་སྐྱེད་བྱེད་མཁན་གྱི་ལས་བཟོ་པ་ཚོ་དང་ཁ་འབྲལ་ཐབས་མེད། ཁྱོད་ཚོས་དཀའ་སྤྱད་ངལ་རྩོལ་ལ་བརྟེན་ནས་ངར་ལྕགས་བཟོ་གྲྭར་ཉིན་རེར་འཕེལ་རྒྱས་ཀྱི་རྣམ་པ་གསར་པ་མངོན་དུ་བཅུག་ནས། ཀྲུང་གོ་དང་སེར་ཝུའེ་ཡའི་བར་གྱི་མཛའ་མཐུན་འབྲེལ་བར་མུ་མཐུད་ལེའུ་གསར་པ་བྲིས་ཡོད་པའི་དབང་གིས། ངས་ཁྱོད་ཚོར་བསྟོད་བསྔགས་བྱས་པ་ཡིན་ཞེས་གསུངས།

ཞི་ཅིན་ཕིང་གིས་སི་མེ་ཏའེ་ལེ་ཝོ་ངར་ལྕགས་བཟོ་གྲྭ་འཕེལ་རྒྱས་ཡག་པོ་བྱུང་བ་དེ་ནི། ཀྲུང་གོ་དང་སེར་ཝུའེ་ཡ་རྒྱལ་ཁབ་གཉིས་ཀས་སྤུས་ཚད་མཐོ་བའི“རྒྱུད་གཅིག་ལམ་གཅིག”མཉམ་སྐྲུན་བྱས་པ་ལས་བྱུང་བའི་གསོན་ཉམས་ལྡན་པའི་ལག་ལེན་ཞིག་ཡིན་ལ། རྒྱལ་ཁབ་གཉིས་ཀའི་གཉིས་ཕན་མཉམ་ལས་ཀྱི་གྲུབ་འབྲས་ཐོབ་པའི་དཔེ་མཚོན་ཞིག་ཀྱང་ཡིན། ངར་ལྕགས་བཟོ་གྲྭའི་ལས་བཟོ་པ་ནི་ཀྲུང་གོ་དང་སེར་ཝུའེ་ཡའི་མཛའ་མཐུན་མཉམ་ལས་ནང་ཞུགས་མཁན་དང་བདེན་དཔང་བྱེད་མཁན། བྱས་རྗེས་འཇོག་མཁན་བཅས་ཡིན་ལ་ཕན་ཁེ་ཐོབ་མཁན་ཡང་ཡིན། ཁྱོད་ཚོས་མུ་མཐུད་དུ་བློ་གཅིག་སེམས་གཅིག་སྒོས་རང་གི་ལས་ཀ་ལེགས་པར་བསྒྲུབས་ནས། ངར་ལྕགས་བཟོ་གྲྭ་གཉེར་སྐྱོང་དང་འཕེལ་རྒྱས་ལ་སྤྲོ་སེམས་འཁོལ་བའི་ངང་ཞུགས་ཏེ། སེར་ཝུའེ་ཡའི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ་དང་། ཀྲུང་གོ་དང་སེར་ཝུའེ་ཡའི་བར་གྱི་མཛའ་བརྩེ་སྔར་ལས་སྲ་བརྟན་དུ་གཏོང་ཆེད་བྱས་རྗེས་གསར་པ་སྔར་ལས་ཆེན་པོ་འཇོག་རྒྱུའི་རེ་ལྟོས་ཆེ་ཞེས་ནན་གྱིས་གསུངས།

བན་དེ་སྐྱབས་ཀྱིས་བསྒྱུར།