རྒྱལ་སྲིད་སྤྱི་ཁྱབ་ཁང་བདེ་འཇགས་ཨུ་ཡོན་ལྷན་ཁང་གཞུང་སྒྲུབ་ཁང་གིས་བྲེལ་མྱུར་བརྡ་ཐོ་བཀྲམ་ནས་མིག་སྔའི་བདེ་འཇགས་དོགས་ཟོན་བྱ་བ་ཡག་པོར་སྒྲུབ་རྒྱུར་བཀོད་སྒྲིག་བྱས།
2024.05.03 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 20

ཚེས2ཉིན་གསར་འགོད་པས་འཕྲལ་བསྟུན་དོ་དམ་པུའུ་ནས་རྒྱུས་ལོན་པ་ལྟར་ན། རྒྱལ་སྲིད་སྤྱི་ཁྱབ་ཁང་བདེ་འཇགས་ཨུ་ཡོན་ལྷན་ཁང་གཞུང་སྒྲུབ་ཁང་གིས་བྲེལ་མྱུར་བརྡ་ཐོ་དཔར་འགྲེམས་བྱས་ནས་ས་ཁུལ་སོ་སོ་དང་། འབྲེལ་ཡོད་སྡེ་ཁག ཀྲུང་དབྱང་ཁེ་ལས་བཅས་ཀྱིས་ཀོང་ཏུང་གི་མཱེ་ཀྲོའུ་གྲོང་ཁྱེར་ནས་ཏཱ་པུའུ་རྫོང་བར་གྱི་མྱུར་བགྲོད་གཞུང་ལམ་བརྡིབས་པའི་གནོད་འཚེའི་བསླབ་བྱ་བསྡུ་ལེན་ནན་མོ་བྱས་ཏེ་མིག་སྔའི་བདེ་འཇགས་དོགས་ཟོན་བྱ་བ་བཟང་བོར་སྒྲུབ་སྟེ། གནོད་འཚེ་དེ་རིགས་འབྱུང་བར་དོགས་ཟོན་དང་བཀག་འགོག་མཐའ་གཅིག་ཏུ་བྱ་རྒྱུར་བཀོད་སྒྲིག་བྱས།

བརྡ་ཐོའི་ནང་བསྟན་དོན། མིག་སྔར་འཕྲད་པའི་དོན་རྐྱེན་དང་གནོད་འཚེའི་འགྲན་སློང་སྔར་ལས་ཛ་དྲག་དང་རྙོག་འཛིང་ཆེ་བས། སྔར་ལས་ལྷག་པའི་སྒོ་ནས་མིག་སྔའི་བདེ་འཇགས་དོགས་ཟོན་བྱ་བའི་འགན་འཁྲིའི་འདུ་ཤེས་དང་ཁ་ཚ་དགོས་གཏུག་གི་འདུ་ཤེས་ཇེ་དྲག་ཏུ་གཏོང་བ་དང་། མཱེ་ཀྲོའུ་གྲོང་ཁྱེར་ནས་ཏཱ་པུའུ་རྫོང་བར་གྱི་མྱུར་བགྲོད་གཞུང་ལམ་བརྡིབས་པའི་གནོད་འཚེའི་བསླབ་བྱ་བསྡུ་ལེན་ནན་མོ་བྱེད་པ། ཉེན་ཁའི་འདུ་ཤེས་དང་སེམས་ཁྲལ་འདུ་ཤེས་ཇེ་དྲག་ཏུ་གཏོང་བ། མ་མཐའི་བསམ་གཞིགས་བྱེད་ཤུགས་ཇེ་ཆེར་གཏོང་བ། བདེ་འཇགས་དོགས་ཟོན་བྱ་བའི་མི་འདང་ས་དང་ཞན་ཆ་འཚོལ་ཞིབ་ནན་མོ་བྱས་ཏེ་བྱེད་ཐབས་ནུས་ལྡན་སྤྱད་ནས་མངོན་མེད་རྐྱེན་ངན་མཐའ་གཅིག་ཏུ་སེལ་བ་དང་། བདེ་འཇགས་ཉེན་ཁ་ཚབས་ཆེན་ལ་དོ་དམ་ཚོད་འཛིན་ནུས་ལྡན་བྱེད་དགོས།

བརྡ་ཐོའི་ནང་དུ། འགྲིམ་འགྲུལ་སྐྱེལ་འདྲེན་ཁྱབ་ཁོངས་ཀྱི་བདེ་འཇགས་དོགས་ཟོན་ལ་སྔར་ལས་ཤུགས་སྣོན་པ་དང་། ཆུ་རྒྱས་པའི་དུས་ཀྱི་འགྲིམ་འགྲུལ་སྐྱེལ་འདྲེན་ཁྱབ་ཁོངས་ཀྱི་བདེ་འཇགས་ཉེན་ཁའི་ཁྱད་ཆོས་ལ་དབྱེ་ཞིབ་དང་ཞིབ་དཔྱད་ཟབ་མོ་བྱས་ཏེ་མྱུར་བགྲོད་གཞུང་ལམ་དང་། རྒྱལ་ཁབ་དང་ཞིང་ཆེན་གྱི་གཞུང་ལམ་གལ་ཆེན། ལྕགས་ལམ་ལམ་རྒྱུད། གྲོང་ཁྱེར་གྱི་ལྕགས་ལམ་འགྲིམ་འགྲུལ་སོགས་གཙོ་གནད་དུ་བཟུང་ནས་སྐོར་ཞིབ་ལྟ་ཞིབ་ཚད་ལེན་དང་བདེ་འཇགས་ཀྱི་མངོན་མེད་རྐྱེན་ངན་ལ་བརྟག་དཔྱད་བྱེད་ཤུགས་ཇེ་ཆེར་གཏོང་དགོས་ལ། བདེ་འཇགས་ལ་འགན་ལེན་བྱེད་མི་ཐུབ་པ་རྣམས་ལ་བཀག་སྡོམ་སོགས་ཀྱི་བྱེད་ཐབས་མཐའ་གཅིག་ཏུ་སྤྱོད་དགོས། ཡུལ་སྐོར་དང་རོལ་རྩེད་སྒྲིག་ཆས་ཆེ་གྲས་ཀྱི་བདེ་འཇགས་དོ་དམ་ལ་སྔར་ལས་ཤུགས་སྣོན་པ་དང་། ཡུལ་སྐོར་ལས་དོན་ཁང་དང་ཡུལ་སྐོར་མཛེས་ལྗོངས་ཁུལ་དུ་བདེ་འཇགས་ཀྱི་གཙོ་ཤུགས་འགན་འཁྲི་དོན་འཁྱོལ་ནན་མོ་བྱ་རྒྱུར་སྐུལ་འདེད་གཏོང་བ། ཡུལ་སྐོར་པའི་བདེ་འཇགས་ཉེན་བརྡའི་སློབ་གསོར་ཤུགས་བསྣན་ཏེ་ཁྲིམས་མཐུན་མིན་པའི་མཛེས་ལྗོངས་ཁུལ་དང་ཡུལ་སྐོར་རླངས་འཁོར། ཡུལ་སྐོར་གྲུ་གཟིངས། སྒྲིག་འགལ་གྱིས་རླངས་འཁོར་དང་གྲུ་གཟིངས་བཅོས་སྒྲིག་བྱེད་པ་སོགས་ལ་རྡུང་རྡེག་ནན་མོ་གཏོང་དགོས། མི་སྣ་འདུ་འཛོམས་བྱ་ཡུལ་གྱི་བདེ་འཇགས་དོ་དམ་ལ་སྔར་ལས་ཤུགས་སྣོན་པ་དང་། ཁོངས་གཏོགས་ཁུལ་དང་ཡང་ན་ལས་རིགས་ཁྱབ་ཁོངས་ཀྱི་མི་སྣ་འདུ་འཛོམས་ཆེ་བའི་བྱེད་སྒོའི་ཉེན་ཁར་དཔྱད་དཔོག་བྱས་ཏེ་ཡུལ་དངོས་སུ་བདེ་འཇགས་དོ་དམ་འགན་འཁྲིའི་བྱེད་ཐབས་དོན་འཁྱོལ་ནན་མོ་བྱེད་དགོས། ཐོལ་བྱུང་དོན་རྐྱེན་དང་གནོད་འཚེ་ལ་ཁ་གཏད་འཇལ་རྒྱུར་སྔར་ལས་ཤུགས་སྣོན་པ་དང་། གྲོས་མོལ་ཞིབ་འཇུག་བརྡར་གཅོད་བྱེད་ཤུགས་ཇེ་ཆེར་གཏོང་བ། གནམ་གཤིས་ཧ་ཅང་ངན་པ་དང་གནོད་འཚེའི་སྐོར་གྱི་སྔོན་བརྡ་གཏོང་བ་དང་། སྔོན་བརྡ་གཏོང་བའི་ཆུ་ཚད་ཇེ་མཐོར་གཏོང་བ། སྔོན་བརྡ་གཏོང་བ་དང་རྗེས་འདེད་ཞིབ་དཔྱད་ལམ་སྲོལ་དོན་འཁྱོལ་བྱེད་པ་སོགས་བྱས་ཏེ་དོན་རྐྱེན་དང་གནོད་འཚེ་ཚབས་ཆེན་འབྱུང་བར་སྔོན་འགོག་མཐའ་གཅིག་ཏུ་བྱེད་དགོས་པའི་བླང་བྱ་བཏོན།

ཤ་བོ་གསེར་མཚོས་བསྒྱུར།