སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མཛུབ་སྟོན་གལ་ཆེན་དང་ཙུང་ལི་ལིས་ཆང་གི་བླང་བྱ་གཞིར་བཟུང་ནས། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་ཨུ་ཡོན། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་གཞོན་པ་ཀྲང་གོ་ཆིན་གྱིས་འབྲེལ་ཡོད་སྡེ་ཁག་དང་འགན་འཁུར་བློ་མཐུན་གྱི་སྣེ་ཁྲིད་དེ། ཟླ5པའི་ཚེས2ཉིན་གྱི་ཕྱི་དྲོར། ཀོང་ཏུང་ཞིང་ཆེན་མཱེ་ཀྲོའུ་གྲོང་ཁྱེར་དུ་མཱེ་ཀྲོའུ་གྲོང་ཁྱེར་ནས་ཏཱ་པུའུ་རྫོང་བར་གྱི་མྱུར་བགྲོད་གཞུང་ལམ་གྱི་ཁྲ་དབྱང་ལམ་མཚམས་བརྡིབས་པའི་གནོད་འཚེའི་འཕྲལ་བསྟུན་ཐག་གཅོད་བྱ་བར་མཛུབ་སྟོན་བྱས།
ཀྲང་གོ་ཆིན་ཀོང་ཏུང་དུ་ཐོན་མ་ཐག་ཐད་ཀར་ལམ་བརྡིབས་སར་བསྐྱོད་དེ། གནོད་འཚེའི་བརྒྱུད་རིམ་དང་ཡུལ་དངོས་རོགས་སྐྱོབ་གནས་ཚུལ་ལ་རྒྱུས་ལོན་བྱས་པ་དང་། དེའི་རྗེས་སུ་མཱེ་ཀྲོའུ་གྲོང་ཁྱེར་མི་དམངས་སྨན་ཁང་དུ་སོང་ནས། ཏང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཚབ་བྱས་ཏེ། རྨས་མར་འཚམས་འདྲི་བྱས་པ་དང་། རྨས་མའི་གནས་ཚུལ་ལ་འདྲི་རྩད་ཞིབ་མོ་བྱས་ཤིང་། སྨན་བཅོས་མི་སྣར་ནུས་ཤུགས་ཡོད་རྒུས་སྐྱོབ་བཅོས་བྱེད་དགོས་པའི་མངགས་བཅོལ་བྱས། ཁོས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་མི་སྣ་འཚོལ་སྐྱོབ་གནས་ཚུལ་ལ་དོ་ཁུར་ཧ་ཅང་ཆེན་པོ་གནང་གིན་ཡོད་པ་དང་། རྨས་མ་སྐྱོབ་བཅོས་བྱ་བར་ཐུགས་ཁུར་ཟབ་བཞེས་གནང་གིན་ཡོད་པས། ནུས་ཤུགས་ཡོད་རྒུས་ཡུལ་དངོས་རོགས་སྐྱོབ་དང་རྨས་མ་སྐྱོབ་བཅོས། འདས་འཇུག་ཐག་གཅོད་སོགས་ཀྱི་བྱ་བ་བཟང་བོར་སྒྲུབ་རྒྱུར་མཛུབ་སྟོན་གལ་ཆེན་གནང་ཡོད། ཙུང་ལི་ལིས་ཆང་གིས་ཀྱང་མཆན་བཀོད་མཛུབ་སྟོན་གནང་ནས། རོགས་སྐྱོབ་ཐག་གཅོད་བྱ་བར་བླང་བྱ་ཁ་གསལ་བཏོན་ཡོད། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མཛུབ་སྟོན་གལ་ཆེན་གྱི་དགོངས་དོན་དང་ཙུང་ལི་ལིས་ཆང་གི་བླང་བྱ་མཐའ་གཅིག་ཏུ་ལག་ལེན་མཐར་ཕྱིན་བྱས་ནས། མི་དམངས་བླ་ན་མེད་པ་དང་ཚེ་སྲོག་བླ་ན་མེད་པའི་བསམ་ཕྱོགས་རྒྱུན་འཁྱོངས་བྱས་ནས། སྐར་ཆ་རེ་རེ་བརྩོན་ལེན་བྱས་ནས་མི་སྣ་འཚོལ་སྐྱོབ་བྱས་ཏེ། མི་གཅིག་ཀྱང་མི་ལུས་པར་འགན་ལེན་ཏན་ཏིག་བྱེད་དགོས། ཆུ་ཚད་མཐོ་བའི་སྨན་བཅོས་ཆེད་མཁས་པ་བསྡུ་འགུག་བྱས་ནས་རྨས་མ་སྐྱོབ་བཅོས་བྱས་ཏེ། ནུས་ཤུགས་ཡོད་རྒུས་ཚེ་སྲོག་མྱུར་སྐྱོབ་དང་རྨས་སྐྱོན་ཕོག་པའི་དབང་གིས་དབང་པོ་སྐྱོན་ཅན་དུ་འགྱུར་ཚད་ཇེ་ཉུང་དུ་གཏོང་དགོས། བྱ་བའི་ཆེད་ཚན་བཙུགས་ཏེ།རྐྱེན་ལམ་དུ་ཤོར་བའི་མི་སྣའི་ཁྱིམ་མིར་སེམས་གསོ་དང་གནོད་འཚེ་བྱུང་རྗེས་ཀྱི་བྱ་བ་སྣ་ཚོགས་བཟང་བོར་སྒྲུབ་དགོས། ཚན་རིག་དང་མཐུན་པའི་སྒོ་ནས་ཉེན་ཁ་སེལ་བའི་ཇུས་གཞི་ཆ་ཚང་བཟོས་ནས། བརྡིབས་ཡོད་པའི་བགྲོད་ལམ་མྱུར་དུ་སླར་གསོ་བྱེད་པའི་བྱ་བ་དམ་འཛིན་ནན་མོ་བྱས་ཏེ། འགྲིམ་འགྲུལ་སྒྲིག་ལམ་གང་མགྱོགས་ཀྱིས་སླར་གསོ་བྱེད་དགོས། གནོད་འཚེ་ལ་བརྟག་དཔྱད་དང་དེར་དཔྱད་དཔོག་གང་ལེགས་བྱས་ཏེ། འབྱུང་རྐྱེན་རྩད་གཅོད་དང་འགན་འཁྲི་རྩད་གཅོད་གསལ་པོ་བྱས་ནས། འབྲེལ་ཡོད་ཆ་འཕྲིན་དུས་ཐོག་ཏུ་ཁྱབ་བསྒྲགས་བྱས་ནས། སྤྱི་ཚོགས་ཀྱི་དོ་ཁུར་ལ་རང་རྟོགས་སྒོས་ལན་འདེབས་དགོས་ཞེས་བསྟན།
ཀྲང་གོ་ཆིན་གྱིས་མིག་སྔར“ལྔ་གཅིག”གུང་གསེང་གི་སྐབས་ཡིན་པས། མང་ཚོགས་ཡུལ་སྐོར་ལ་འགྲོ་ཚད་མཐོ་བ་དང་། ས་གནས་ཁག་ཅིག་ཏུ་ད་དུང་ཆར་བ་དྲག་པོ་འབབ་ཉེན་ཡོད་ལ། དེ་དང་བསྟུན་ནས་རི་ཉིལ་བ་དང་འདམ་ཆར་འདྲེས་མ། གྲོང་ཁྱེར་དང་གྲོང་གསེབ་ཀྱི་ཞོད་སྐྱོན་སོགས་གནོད་འཚེ་མང་པོ་འབྱུང་སླ་བས། གནོད་འཚེའི་བསླབ་བྱ་བསྡུ་ལེན་གང་ལེགས་བྱས་ནས། གཅིག་ཤེས་ཀུན་གྲོལ་སྒོས་ནུས་ཤུགས་ཡོད་རྒུས་གནོད་འཚེ་སྔོན་འགོག་དང་དེར་ཁ་གཏད་ནུས་ལྡན་འཇལ་ནས། མི་དམངས་མང་ཚོགས་ཀྱི་ཚེ་སྲོག་དང་རྒྱུ་ནོར་གྱི་བདེ་འཇགས་དང་སྤྱི་ཚོགས་ཁྱོན་ཡོངས་ཀྱི་གཏན་འཇགས་ལ་འགན་ལེན་ཏན་ཏིག་བྱེད་དགོས། མྱུར་བགྲོད་གཞུང་ལམ་དང་ལྕགས་ལམ་ལམ་རྒྱུད། མཛེས་ལྗོངས་ཁུལ་གྱི་སྒྲིག་ཆས་སོགས་ལ་དམིགས་ཏེ། དུས་ཡུན་རིང་པོར་ཆར་བ་དྲག་པོ་བབས་པ་ལས་བྱུང་བའི་ཉེན་ཁ་དང་འགལ་རྐྱེན་ཅི་རིགས་ལ་ཕྱོགས་ཡོངས་ནས་བརྟག་དཔྱད་བྱེད་དགོས་ལ། བྱེ་ཟེགས་ཀྱི་ལམ་དང་ས་ལམ། གཟར་ངོས། ཟམ་པ་དང་ཕུག་ལམ་སོགས་ཉེན་ཁ་ཆེ་བའི་ས་གནས་ལ་སྐོར་ཞིབ་དང་འགུལ་རྣམ་ལྟ་ཞིབ་ཚད་ལེན་བྱེད་ཤུགས་ཇེ་ཆེར་གཏོང་བ། ཉེན་ཁ་འབྱུང་ཉེན་ཡོད་པའི་ལམ་མཚམས་དང་སྒྲིག་ཆས་ཀྱི་ཉེན་ཁ་སེལ་ནས་སྔར་ལས་སྲ་བརྟན་དུ་གཏོང་དགོས་པར་མ་ཟད། ་གནད་དོན་ཅི་ཡོད་གནོད་འཚེ་མ་བྱུང་སྔོན་དུ་ཐག་གཅོད་བྱེད་དགོས། ཆུ་རྒྱས་པའི་དུས་ཀྱི་གནམ་གཤིས་འགྱུར་ལྡོག་ལ་དོ་སྣང་གང་ལེགས་བྱེད་རྒྱུ་དང་། གྲོས་མོལ་ཞིབ་འཇུག་དང་བརྡར་ཤ་གཅོད་པ། སྔོན་བརྡ་དང་འཕྲལ་བསྟུན་མཉམ་འགུལ་བཅས་ལ་ཤུགས་སྣོན་དགོས་པར་མ་ཟད། ཉེན་ཁ་ཆེ་སའི་མང་ཚོགས་གང་མགྱོགས་ཀྱིས་སྤོ་སྣུར་བྱས་ཏེ། མང་ཚོགས་ཤི་རྨས་མི་འབྱུང་བར་བྱས་ནས། གནོད་འཚེ་ཡི་གྱོང་གུད་ཇེ་ཆུང་དུ་གཏོང་ཅི་ཐུབ་བྱེད་དགོས་ཞེས་ནན་གྱིས་བསྟན།
བན་དེ་སྐྱབས་ཀྱིས་བསྒྱུར།