ཞིང་ཆེན་ཡོངས་ཀྱི་བདེ་འཇགས་ཐོན་སྐྱེད་ཀྱི་བརྙན་རིས་བཀོད་གཏོང་ཚོགས་འདུ་བསྡུས།
2024.05.03 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 28

ཟླ5པའི་ཚེས2ཉིན་གྱི་དགོང་མོར། ཞིང་ཆེན་ཡོངས་ཀྱི་བདེ་འཇགས་ཐོན་སྐྱེད་ཀྱི་བརྙན་རིས་བཀོད་གཏོང་ཚོགས་འདུ་བསྡུས། ཚོགས་འདུའི་སྟེང་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཀོང་ཏུང་མཱེ་ཀྲོའུ་གྲོང་ཁྱེར་གྱི་མཱེ་ཀྲོའུ་གྲོང་ཁྱེར་ནས་ཏཱ་པུའུ་རྫོང་བར་གྱི་མྱུར་བགྲོད་གཞུང་ལམ་གྱི་ཁྲ་དབྱང་ལམ་མཚམས་བརྡིབས་པའི་ཐད་བཏོན་པའི་མཛུབ་སྟོན་གལ་ཆེན་གྱི་དགོངས་དོན་བརྒྱུད་སྒྲོག་བྱས་ནས་སློབ་སྦྱོང་དང་ལག་ལེན་མཐར་ཕྱིན་བྱས་པ་དང་། ཙུང་ལི་ལིས་ཆང་གི་མཆན་བཀོད་མཛུབ་སྟོན་བླང་བྱ་དངོས་འབེབས་བྱས་ཏེ། ཞིང་ཆེན་ཡོངས་ཀྱི་བདེ་འཇགས་ཐོན་སྐྱེད་བྱ་བར་བཀོད་གཏོང་དང་བཀོད་སྒྲིག་བྱས། ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི། ཞིང་ཆེན་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རིན་ཁྲིན་ཀང་གིས་བྱ་བའི་རེ་བ་བཏོན་པ་དང་། ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི་གཞོན་པ། ཧྲིན་ཀྲང་ཝུའུ་ཞའོ་ཅུན་ཚོགས་འདུར་ཞུགས་ནས་བཀོད་སྒྲིག་བྱས།

ཁྲིན་ཀང་གིས་ནན་གྱིས་བསྟན་དོན། ནན་ཏན་གྱིས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མཛུབ་སྟོན་གལ་ཆེན་གྱི་དགོངས་དོན་ལག་བསྟར་དངོས་འབེབས་བྱེད་པ་དང་། ཙུང་ལི་ལིས་ཆང་སོགས་ཀྲུང་དབྱང་མགོ་ཁྲིད་བློ་མཐུན་གྱི་མཆན་བཀོད་བླང་བྱ་དངོས་འབེབས་བྱས་ནས། རང་ཞིང་གི་གནོད་འགོག་བྱ་བ་བཟང་བོར་བསྒྲུབ་དགོས། མིག་སྔར་ལྔ་གཅིག་གུང་གསེང་གི་སྐབས་སུ་འཁེལ་ཡོད་པས། མི་སྣའི་འགྲོ་འོང་གི་ཚད་ཅུང་ཆེ་བ་དང་། ཞིང་ཆེན་ནང་ཁུལ་གྱི་ས་ཁུལ་སྐོར་ཞིག་ཏུ་གངས་ཆར་འབབ་སྲིད་ལ། རིགས་སྣ་ཚོགས་ཀྱི་གནོད་འཚེ་འབྱུང་སླ་བས། ས་ཁུལ་སོ་སོ་དང་འབྲེལ་ཡོད་སྡེ་ཁག་སོ་སོས་ཚད་མཐའི་འདུ་ཤེས་རྒྱུན་འཁྱོངས་བྱས་ཏེ། བྱ་བའི་འགན་འཁྲི་དངོས་འབེབས་བྱེད་པ་དང་། ལྟ་ཞིབ་ཚད་འཇལ་བྱས་ནས་ཉེན་བརྡ་གཏོང་བར་ཤུགས་སྣོན་དགོས་ལ། ཁྱད་པར་དུ་ཉེན་ཁ་ཆེ་བའི་ལམ་མཚམས་དང་ས་གཤིས་གནོད་འཚེའི་ཉེན་ཁ་ཡོད་པའི་ས་གནས་ཀྱི་ལྟ་ཞིབ་ཚད་འཇལ་ལ་ཤུགས་བསྣན་ནས་སྔོན་འགོག་ཐག་གཅོད་བྱེད་ཐབས་སྣ་ཚོགས་དངོས་འབེབས་བྱེད་དགོས་ལ། འཕྲལ་བསྟུན་ལས་རེས་ལམ་ལུགས་ལག་བསྟར་ནན་མོ་བྱས་ཏེ། ལྷོད་གཡེང་སྤུ་ཙམ་ཡང་མེད་པའི་སྒོ་ནས་ལྔ་གཅིག་གུང་གསེང་སྐབས་ཀྱི་བདེ་འཇགས་ཉེན་སྲུང་བྱ་བ་བཟང་བོར་སྒྲུབ་སྟེ། མི་དམངས་མང་ཚོགས་ཀྱི་ཚེ་སྲོག་དང་རྒྱུ་ནོར་གྱི་བདེ་འཇགས་ལ་སྲུང་སྐྱོབ་བྱེད་དགོས་ཟེར།

ཝུའུ་ཞའོ་ཅུན་གྱིས་བསྟན་དོན། ནན་ཏན་གྱིས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མཛུབ་སྟོན་གལ་ཆེན་གྱི་དགོངས་དོན་ལག་ལེན་དངོས་འབེབས་བྱེད་པ་དང་། ཙུང་ལི་ལིས་ཆང་སོགས་ཀྲུང་དབྱང་གི་མགོ་ཁྲིད་བློ་མཐུན་གྱི་མཆན་བཀོད་བླང་བྱ་དང་ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་སྲིད་གཞུང་གི་བྱ་བའི་བཀོད་སྒྲིག་གཞིར་བཟུང་ནས། དུས་ཆེན་སྐབས་ཀྱི་ཡུལ་སྐོར་བདེ་འཇགས་བྱ་བར་ཤུགས་སྣོན་དགོས་པ་དང་། ཕྱོགས་ཡོངས་ནས་ཁྱབ་ཁོངས་གཙོ་བོའི་ཉེན་ཁ་རྩད་ཞིབ་ཐག་གཅོད་བྱས་ནས། མི་དམངས་མང་ཚོགས་ཀྱི་ཚེ་སྲོག་དང་རྒྱུ་ནོར་གྱི་བདེ་འཇགས་དང་། སྤྱི་ཚོགས་ཀྱི་ཆེ་ཕྱོགས་གཏན་འཇགས་ལ་འགན་སྲུང་བྱེད་དགོས། ཟོལ་མེད་ཀྱིས་གཞུང་ལམ་འགྲིམ་འགྲུལ་དང་བཟོ་སྐྲུན་ལས་ཡུལ། གཏེར་ཁ། མེ་འགོག་མེ་གསོད། ཉེན་ཁའི་རྫས་འགྱུར། འབར་རླངས། དམིགས་བསལ་གྱི་སྒྲིག་ཆས་སོགས་ཁྱབ་ཁོངས་ཀྱི་བདེ་འཇགས་ཐོན་སྐྱེད་ཀྱི་ལྟ་རྟོག་དོ་དམ་ལ་ཤུགས་སྣོན་པ་དང་། བྱེད་སྒོ་གལ་ཆེན་གྱི་བདེ་འཇགས་དོ་དམ་ལ་ཤུགས་སྣོན་པ། འགྲུལ་སྐྱེལ་རྩ་འཛུགས་དང་འགྲིམ་འགྲུལ་བདེ་འཇགས་སོགས་བྱ་བ་སྣ་ཚོགས་ལ་ཤུགས་སྣོན་དགོས། ལས་གནས་བརྟན་སྲུང་དང་ལྟ་ཞིབ་ཚད་ལེན་དང་ཉེན་བརྡ་གཏོང་བར་ཤུགས་བསྣན་ཏེ། འཕྲལ་བསྟུན་ལན་སྟེར་ཟུང་གི་རྐྱེན་སྲོལ་དངོས་འབེབས་བྱས་ཏེ་ཕན་ནུས་ལྡན་པའི་སྒོ་ནས་རིགས་སྣ་ཚོགས་ཀྱི་གནོད་འཚེ་འབྱུང་བར་དོགས་ཟོན་ཐག་གཅོད་བྱེད་དགོས་ཟེར།

ཚོགས་འདུའི་སྟེང་གུང་གསེང་སྐབས་ཀྱི་བདེ་འཇགས་ཐོན་སྐྱེད་དང་ནམ་ཟླའི་ཞབས་ཞུའི་གནས་ཚུལ་སྙན་ཞུ་བྱས་པ་དང་། ཞིང་ཆེན་འགྲིམ་འགྲུལ་སྐྱེལ་འདྲེན་ཐིན་དང་། ཞིང་ཆེན་རིག་གནས་དང་ཡུལ་སྐོར་ཐིན། ཞིང་ཆེན་མེ་འགོག་མེ་གསོད་མྱུར་སྐྱོབ་སྤྱི་ཁྱབ་རུ་ཁག མཚོ་ཤར་གྲོང་ཁྱེར་སྲིད་གཞུང་། མཚོ་བྱང་ཁུལ་སྲིད་གཞུང་བཅས་ཀྱིས་གཏམ་བཤད་སྤེལ།

ཝང་ལིན་ཧུའུ་ཡིས་ཚོགས་འདུར་མགོ་འཛིན་བྱས་པ་དང་། ལིའུ་ཐའོ་ཚོགས་འདུར་ཞུགས།


བསོད་ནམས་ཚེ་རིང་གིས་བསྒྱུར།