ཕིན་ལིས་ཡོན་གྱིས་མཉམ་འབྲེལ་རྒྱལ་ཚོགས་སློབ་གསོ་ཚན་རིག་རིག་གནས་རྩ་འཛུགས་སྤྱི་ཁྱབ་པུའུ་ལ་འཚམས་འདྲི་བྱས་པར་མ་ཟད་སྤྱི་ཁྱབ་ལས་འཛིན་པ་ཨ་ཙུའུ་ལའེ་ལ་མཇལ་འཕྲད་གནང་།
2024.05.07 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 18

ས་དེའི་དུས་ཚོད་ཟླ5བའི་ཚེས6ཉིན་གྱི་སྔ་དྲོར། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གི་ལྕམ་མོ། མཉམ་འབྲེལ་རྒྱལ་ཚོགས་སློབ་གསོ་ཚན་རིག་རིག་གནས་རྩ་འཛུགས་ཀྱི་བྱིས་པ་དང་བུད་མེད་སློབ་གསོར་སྐུལ་འདེད་གཏོང་བའི་དམིགས་བསལ་ཕོ་ཉ་ཕིན་ལིས་ཡོན་གདན་དྲངས་པ་ལྟར་ཕ་རེ་སི་རུ་མཉམ་འབྲེལ་རྒྱལ་ཚོགས་སློབ་གསོ་ཚན་རིག་རིག་གནས་རྩ་འཛུགས་ཀྱི་སྤྱི་ཁྱབ་པུའུ་ལ་འཚམས་འདྲིར་ཕེབས།

ཕིན་ལིས་ཡོན་ས་གནས་དེར་འབྱོར་སྐབས་མཉམ་འབྲེལ་རྒྱལ་ཚོགས་སློབ་གསོ་ཚན་རིག་རིག་གནས་རྩ་འཛུགས་ཀྱི་སྤྱི་ཁྱབ་ལས་འཛིན་པ་ཨ་ཙུའུ་ལའེ་ཡིས་སྤྲོ་སེམས་འཁོལ་བའི་ངང་བསུ་མ་བྱས། ཨ་ཙུའུ་ལའེ་ཡིས་ཕིན་ལིས་ཡོན་དང་མཉམ་དུ“ཀྲུང་གོ་དང་མཉམ་འབྲེལ་རྒྱལ་ཚོགས་སློབ་གསོ་ཚན་རིག་རིག་གནས་རྩ་འཛུགས་བར་མཉམ་ལས་བྱས་པའི་ལོ་བཅུའི་གྲུབ་འབྲས་འགྲེམས་སྟོན”ལ་ལྟ་སྐོར་བྱས་པ་དང་། ཀྲུང་གོས་འཛམ་གླིང་ཧྲིལ་པོའི་བྱིས་པ་དང་བུད་མེད་ཀྱི་སློབ་གསོའི་བྱ་གཞག་འཕེལ་རྒྱས་ལ་སྐུལ་འདེད་གཏོང་ཆེད་ལེགས་སྐྱེས་ཕུལ་བར་ཚད་མཐོའི་གདེང་འཇོག་བྱས།

ཨ་ཙུའུ་ལའེ་དང་མཇལ་འཛོམས་གནང་སྐབས་ཕིན་ལིས་ཡོན་གྱིས་ཀྲུང་གོས་བྱིས་པ་དང་བུད་མེད་ཀྱི་སློབ་གསོའི་བྱ་གཞག་ལ་སྐུལ་འདེད་གཏོང་བའི་ཐད་ཀྱི་འཕེལ་རྒྱས་གནས་ཚུལ་གསར་ཤོས་དང་། ལྷག་པར་དུ“དཔྱིད་ཀའི་འཆར་གཞིའི”ཐད་བླངས་པའི་གྲུབ་འབྲས་ངོ་སྤྲོད་མདོར་བསྡུས་བྱས།  ཕིན་ལིས་ཡོན་གྱིས་བསྟན་དོན། ངས་མཉམ་འབྲེལ་རྒྱལ་ཚོགས་སློབ་གསོ་ཚན་རིག་རིག་གནས་རྩ་འཛུགས་ཀྱི་བྱིས་པ་དང་བུད་མེད་ཀྱི་སློབ་གསོར་སྐུལ་འདེད་གཏོང་བའི་དམིགས་བསལ་ཕོ་ཉའི་འགན་འཁུར་ནས་ལོ་བཅུའི་རིང་རྒྱལ་ཁབ་མང་པོའི་སློབ་གྲྭར་འཚམས་འདྲི་བྱས་པ་དང་། བུད་མེད་སྔར་ལས་མང་པོས་སློབ་གསོ་དང་ལེན་བྱས་པ་བརྒྱུད་ལས་དབང་ལ་འགྱུར་ལྡོག་བྱུང་ནས་བདེ་སྐྱིད་ཀྱི་འཚོ་བ་སྐྱེལ་ཐུབ་པ་མཐོང་བས་ཧ་ཅང་དགའ་སྤྲོ་སྐྱེས་བྱུང་། བྱིས་པ་དང་བུད་མེད་ཀྱི་སློབ་གསོའི་བྱ་གཞག་ལ་སྐུལ་འདེད་གཏོང་རྒྱུ་ནི་རླབས་ཆེན་གྱི་བྱ་གཞག་ཅིག་ཡིན་ལ། སྤྱི་ཚོགས་ཡར་ཐོན་དང་མིའི་རིགས་ཀྱི་ཐུན་མོང་གི་ལས་དབང་དང་འབྲེལ་བ་ཡོད།  ཀྲུང་གོ་ཕྱོགས་ཀྱིས་སློབ་གསོ་ཚན་རིག་རིག་གནས་རྩ་འཛུགས་དང་མཉམ་དུ་འབད་བརྩོན་བྱས་ཏེ་ཕྱོགས་སོ་སོས་གོ་ལ་ཧྲིལ་པོའི་བྱིས་པ་དང་བུད་མེད་ཀྱི་སློབ་གསོར་ཤུགས་སྣོན་བྱེད་ཚད་ཆེ་རུ་གཏོང་རྒྱུར་སྐུལ་འདེད་བཏང་ནས་བུད་མེད་སྔར་ལས་མང་པོར་འདྲ་མཉམ་ངང་སློབ་གསོ་ཐོབ་པའི་དབང་ཆ་ཐོབ་རོགས་བྱས་ཏེ་མཛེས་སྡུག་ལྡན་པའི་མ་འོངས་པ་མཉམ་དུ་གཏོད་འདོད་ཡོད་ཅེས་གསུངས།

ཨ་ཙུའུ་ལའེ་ཡིས་ཕིན་ལིས་ཡོན་གྱིས་དམིགས་བསལ་ཕོ་ཉའི་འགན་འཁུར་ཚུན་གྱི་ལས་དོན་དང་ལེགས་སྐྱེས་ལ་ཚད་མཐོའི་གདེང་འཇོག་བྱས་པ་དང་། སློབ་གསོ་ཚན་རིག་རིག་གནས་རྩ་འཛུགས་ཀྱིས་ཀྲུང་གོ་དང་བརྗེ་རེས་མཉམ་ལས་བྱ་རྒྱུར་ཤུགས་སྣོན་བརྒྱབ་སྟེ་གོ་ལ་ཧྲིལ་པོའི་བྱིས་པ་དང་བུད་མེད་ཀྱི་སློབ་གསོའི་བྱ་གཞག་འཕེལ་རྒྱས་གསར་པ་ཡོང་བར་སྐུལ་འདེད་གཏོང་འདོད་ཡོད་ཟེར།

ཨ་ཙུའུ་ལའེ་ཡིས་ཕིན་ལིས་ཡོན་ལ་དམིགས་བསལ་ཕོ་ཉའི་འགན་འཁུར་ནས་ལོ་བཅུ་འཁོར་བའི་གཟི་བརྗིད་དཔང་ཡིག་སྤྲད་པ་དང་།  ཕིན་ལིས་ཡོན་གྱིས་སློབ་གསོ་ཚན་རིག་རིག་གནས་རྩ་འཛུགས་ལ“དཔྱིད་ཀའི་འཆར་གཞིའི”ཕན་པ་ཐོབ་མཁན་གྱིས་མཉམ་དུ་གསར་བཟོ་བྱས་པའི་འགེལ་གདན《དཔྱིད་ཀྱི་མྱུ་གུ་བཞད》ཅེས་པ་ཕུལ།

ཤ་བོ་གསེར་མཚོས་བསྒྱུར།