ཞིང་ཆེན་ཡོངས་ཀྱི་རྒྱལ་གཅེས་འཕྲོད་བསྟེན་ལས་འགུལ་ཨུ་ཡོན་ལྷན་ཁང་གི་རྒྱས་འཛོམས་གྲོས་ཚོགས་ཐེངས་དང་པོ་དང་ཞིང་ཆེན་ཡོངས་ཀྱི་གྲོང་གསེབ་འཛུགས་སྐྲུན་གྱི“གཙང་སེལ་གསུམ་དང་ལེགས་བཅོས་གསུམ”གྱི་བྱ་བའི་ཚོགས་འདུ་བསྡུས།
2024.05.08 ཁུངས། མཚོ་སྔོན་ཉིན་རེའི་ཚགས་པར། ཀློག་གྲངས། 54

ཞིང་ཆེན་ཡོངས་ཀྱི་རྒྱལ་གཅེས་འཕྲོད་བསྟེན་ལས་འགུལ་ཨུ་ཡོན་ལྷན་ཁང་གི་རྒྱས་འཛོམས་གྲོས་ཚོགས་ཐེངས་དང་པོ་དང་ཞིང་ཆེན་ཡོངས་ཀྱི་གྲོང་གསེབ་འཛུགས་སྐྲུན་གྱི“གཙང་སེལ་གསུམ་དང་ལེགས་བཅོས་གསུམ”གྱི་བྱ་བའི་གྲོས་ཚོགས་ཟི་ལིང་དུ་བསྡུས།  གྲོས་ཚོགས་ཐོག་རྒྱལ་ཡོངས་རྒྱལ་གཅེས་འཕྲོད་བསྟེན་ལས་འགུལ་ཨུ་ཡོན་ལྷན་ཁང་གི་ཚང་འཛོམས་གྲོས་ཚོགས་ཐེངས་དང་པོའི་དགོངས་དོན་སློབ་སྦྱོང་དང་ལག་ལེན་མཐར་ཕྱིན་བྱས་ཏེ། བྱ་བའི་གནས་ཚུལ་སྤྱི་བསྡོམས་བྱས་ནས་ལས་འགན་གཙོ་བོ་བཀོད་སྒྲིག་བྱས།     ཧྲིན་ཀྲང་གཞོན་པ། ཞིང་ཆེན་རྒྱལ་གཅེས་འཕྲོད་བསྟེན་ལས་འགུལ་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རིན་ཧི་ལུའུ་ཁྲུན་ཚོགས་འདུར་ཞུགས་པ་དང་གཏམ་བཤད།

ཚོགས་འདུ་ལས་བསྟན་དོན། ཉེ་བའི་ལོ་འགའི་རིང་ལ། ཞིང་ཆེན་ཡོངས་ཀྱི་ས་ཁུལ་སོ་སོ་དང་སྡེ་ཁག་སོ་སོས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མཛུབ་སྟོན་གལ་ཆེན་གྱི་དགོངས་དོན་དང་། ཏང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཇུས་ཆོད་བཀོད་སྒྲིག་ལག་ལེན་དོན་འཁྱོལ་ནན་མོ་བྱས་ནས། བྱ་བའི་རྐྱེན་སྲོལ་རྒྱུན་ཆད་མེད་པར་འཐུས་ཚང་དུ་གཏོང་བ་དང་ནང་དོན་ཕུན་སུམ་ཇེ་ཚོགས་སུ་བཏང་སྟེ། རྒྱལ་གཅེས་འཕྲོད་བསྟེན་ལས་འགུལ་ལ་སྐུལ་འདེད་གཏིང་ཟབ་དང་སྤྱི་པའི་འཕྲོད་བསྟེན་ཁོར་ཡུག་ཕྱོགས་ཡོངས་ནས་ཇེ་ལེགས་སུ་གཏོང་བ་དང་།    མི་དམངས་མང་ཚོགས་ཀྱི་བདེ་ཐང་ཁེ་དབང་སྲུང་སྐྱོང་བྱེད་པ།    བདེ་ཐང་མཚོ་སྔོན་འཛུགས་སྐྲུན་བྱེད་པ་བཅས་ལ་ནུས་པ་གལ་ཆེན་བཏོན་ནས་འདེགས་སྐྱོར་གལ་ཆེན་འདོན་སྤྲོད་བྱས་ཡོད།

ཚོགས་འདུ་ལས་ནན་གྱིས་བསྟན་དོན། ས་ཁུལ་སོ་སོ་དང་སྡེ་ཁག་སོ་སོས་ལངས་གནས་ཇེ་མཐོ་དང་ངོས་འཛིན་ཇེ་ཟབ་ཏུ་གཏོང་བ་དང་།    འཕེལ་རྒྱས་དུས་མཚམས་གསར་པའི་རྒྱལ་གཅེས་འཕྲོད་བསྟེན་ལས་འགུལ་དང་གྲོང་གསེབ་འཛུགས་སྐྲུན་གྱི“གཙང་སེལ་གསུམ་དང་ལེགས་བཅོས་གསུམ”གྱི་བྱ་བ་ཚན་རིག་དང་མཐུན་པའི་ནང་དོན་ཡང་དག་པར་ཁོང་དུ་ཆུད་པར་བྱེད་པ་དང་།    འཕེལ་རྒྱས་ཀྱི་འདུ་ཤེས་གསར་པ་ལག་ལེན་མཐར་ཕྱིན་བྱེད་པ།    རང་འགུལ་ངང་བྱེད་ཐབས་སྤྱད་ནས་རྒྱལ་གཅེས་འཕྲོད་བསྟེན་ལས་འགུལ་དམངས་ཡོངས་ཀྱིས་མཉམ་སྐྲུན་མཉམ་སྤྱོད་བྱེད་པའི་རྣམ་པ་གསར་པ་གཏོད་དགོས།  གཙོ་གནད་འབུར་ཐོན་དང་འགན་འཁྲི་གསལ་བོ་བྱས་ནས། གཙོ་གནད་དང་དཀའ་གནད་ཀྱི་གནད་དོན་ཧུར་ཐག་གིས་ཐག་གཅོད་བྱས་ཏེ། མཁར་གྲོང་གི་ཁོར་ཡུག་འཕྲོད་བསྟེན་ཇེ་ལེགས་སུ་གཏོང་རྒྱུར་ཤུགས་སྣོན་པ་དང་།    ཁོར་ཡུག་འཕྲོད་བསྟེན་གྱི་རྨང་གཞིའི་སྒྲིག་བཀོད་འཛུགས་སྐྲུན་ལ་ཤུགས་སྣོན་པ།    གསང་སྤྱོད་གསར་བརྗེར་སྐུལ་འདེད་ཆེན་པོ་གཏོང་བ།    འཕྲོད་བསྟེན་གསར་སྐྲུན་བྱེད་སྒོ་མུ་མཐུད་དུ་སྤེལ་བ།    སྤྱི་པའི་འཕྲོད་བསྟེན་ཞབས་ཞུ་འདྲ་མཉམ་ཅན་དུ་འགྱུར་བར་སྐུལ་འདེད་གཏོང་བ་བཅས་བྱས་ཏེ། བདེ་ཐང་མཚོ་སྔོན་གྱི་བྱ་སྤྱོད་གཏིང་ཟབ་ཏུ་ལག་བསྟར་བྱས་ནས “གཙང་སེལ་གསུམ་དང་ལེགས་བཅོས་གསུམ”དམ་འཛིན་ནན་མོ་བྱས་ཏེ། མཛེས་སྡུག་གི་གྲོང་གསེབ་འཛུགས་སྐྲུན་ལ་སྐུལ་འདེད་གཏོང་དགོས།   རྩ་འཛུགས་འགོ་ཁྲིད་ལ་ཤུགས་སྣོན་པ་དང་མང་ཚོགས་རྒྱ་ཁྱབ་ངང་སྐུལ་སློང་བྱེད་པ།    ལྟ་སྐུལ་མཛུབ་ཁྲིད་དང་ཞིབ་བཤེར་བྱེད་ཤུགས་ཇེ་ཆེར་བཏང་ནས། བྱ་བའི་མཉམ་ཤུགས་ཆགས་པར་བྱས་ཏེ་རྒྱལ་གཅེས་འཕྲོད་བསྟེན་དང་མཛེས་སྡུག་གི་གྲོང་གསེབ་འཛུགས་སྐྲུན་ལ་གྲུབ་འབྲས་གསར་པ་ཐོབ་རྒྱུར་སྐུལ་འདེད་གཏོང་དགོས།

ཤ་བོ་རིན་མཚོས་བསྒྱུར།