ཞི་ཅིན་ཕིང་དང་ཧྥ་རན་སིའི་ཙུང་ཐུང་མཱ་ཁི་ལུང་གིས་པིས་ལིས་ཉིའུ་ཟི་ཞིང་ཆེན་གོང་མ་རུ་ཀྲུང་གོ་དང་ཧྥ་རན་སིའི་གཙོ་འཛིན་གྱི་ཁྱབ་ཁོངས་ཆུང་ངུའི་མཇལ་འཕྲད་གནང་།
2024.05.08 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 0

ས་དེའི་དུས་ཚོད་ཟླ5པའི་ཚེས7ཉིན། ཧྥ་རན་སིའི་ཙུང་ཐུང་མཱ་ཁི་ལུང་གི་དམིགས་བསལ་གདན་ཞུས་ལྟར། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་ཆེད་གཏོང་གནམ་གྲུར་བསྡད་དེ། ཕ་རི་སི་ནས་ཞལ་གྱེས་ཏེ་ཧྥ་རན་སིའི་ལྷོ་ནུབ་ས་ཁུལ་དུ་གནས་པའི་པིས་ལིས་ཉིའུ་ཟི་ཞིང་ཆེན་གོང་མ་རུ་འཚམས་འདྲིར་ཕེབས།

མཱ་ཁི་ལུང་དང་ལྕམ་མོ་པུའུ་ལིས་ཅིས་ཐི་སྔ་མོ་ནས་གནས་དེར་འབྱོར་ནས། པིས་ལིས་ཉིའུ་ཟི་ཞིང་ཆེན་གོང་མའི་ཧྲིན་ཀྲང་སའོ་ལའོ་མིན་སོགས་ཧྥ་རན་སིའི་ས་གནས་སྲིད་གཞུང་གི་འཐུས་མིའི་སྣེ་ཁྲིད་དེ། ཐཱ་པུའུ་གནམ་ཐང་དུ་ཞི་ཅིན་ཕིང་བཟའ་ཟླ་གཉིས་ལ་སྤྲོ་སེམས་འཁོལ་བའི་ངང་དགའ་བསུ་ཞུས། མཱ་ཁི་ལུང་ལ་མཚོན་ནས་བཤད་ན། ཞི་ཅིན་ཕིང་བཟའ་ཟླ་གཉིས་ཀྱིས་པིས་ལིས་ཉིའུ་ཟི་ཞིང་ཆེན་གོང་མ་རུ་འཚམས་འདྲིར་གནང་བར་དམིགས་བསལ་དོན་སྙིང་ལྡན་པར་འདོད་ཡོད།

དཔྱིད་དབྱར་དུས་སྐབས་ཀྱི་ཧྥ་རན་སིའི་རི་ཁུལ་དུ་ཁ་བ་དཀར་པོ་རིམ་གྱིས་བཞུས་ནས་ཆུ་ཕྲན་ཤང་ཤང་དུ་བཞུར་བཞིན་ཡོད་ཅིང་། རི་སྐྱེས་མེ་ཏོག་རྣམ་པར་བཞད་པ་དང་རྩྭ་ལྗང་སྔོ་ལྡེམ་ལྡེམ་དུ་སྣང་།

ཙུང་ཐུང་མཱ་ཁི་ལུང་དང་པུའུ་ལིས་ཅི་ཐི་ཡིས་ཐུའུ་ཨར་མཱ་ལའེ་རི་བོའི་ལུང་མདོ་ཡི“ལུག་རྫིའི་རྟ་ཟམ”དུ་ཞི་ཅིན་ཕིང་དང་ཕིན་ལིས་ཡོན་ལ་དགའ་བསུ་ཞུས་ཏེ། ས་གནས་དེ་གའི་གྲོང་མིས་འཁྲབ་སྟོན་བྱས་པའི་ལྷོ་ཕྱོགས་ཧྥ་རན་སིའི་ཡུལ་སྲོལ་གོམས་གཤིས་ཀྱིས་བརྒྱན་པའི་ལུག་རྫིའི་ཞབས་བྲོ་ལ་མཉམ་དུ་མྱོང་རོལ་གནང་བར་མ་ཟད། ཁོ་ཚོ་དང་ལྷན་དུ་བྱམས་བརྩེའི་ངང་མཉམ་པར་བསྐྱོན།

རྟ་ཟམ་ཤིང་ཁང་གི་ཕྱི་རོལ་དུ། དཔྱིད་ཀྱི་ཁ་བ་ལྷབ་ལྷུབ་དུ་འབབ་ཞིང་སྤྲིན་མཚོ་ཡུག་གཅིག་ཏུ་འབྲེལ། རྒྱལ་ཁབ་གཉིས་ཀའི་གཙོ་འཛིན་གྱི་ལྕམ་མོ་གཉིས་ཀ་སྒེའུ་ཁུང་ཁར་བསྡད་དེ་མིག་གིས་རི་ཚོགས་ལ་རྒྱང་ལྟ་བྱེད་པ་དང་ས་གནས་དེ་གའི་ཁྱད་ལྡན་ཟས་རིགས་ཞིམ་པོའི་བྲོ་བ་མྱོང་ཞོར། གནམ་འོག་གི་འགྱུར་ལྡོག་གླེང་བཞིན་ཡོད་ལ། བག་ཕེབས་སྤྲོ་སྣང་གི་རྣམ་པའི་ཁྲོད་གནད་དོན་གལ་ཆེན་སྐོར་ཞིག་གི་ཐད་ནས་འཐབ་ཇུས་ཀྱི་འབྲེལ་གཏུག་བྱས།

ཞི་ཅིན་ཕིང་གིས་ཀྲུང་ཧྭའི་ཤེས་རིག་ནི་འཛམ་གླིང་སྟེང་ལོ་ངོ5000ལྷག་གི་རིང་ལ་རྒྱུན་འཁྱོངས་བྱས་ཏེ་ད་ལྟའི་བར་མཚམས་ཆད་མྱོང་མེད་པའི་རིག་གནས་རྒྱུན་རིང་མོ་ཅན་ཞིག་ཡིན་པའི་དབང་གིས།  ཀྲུང་གོ་བར་ཁྱིམ་ཚང་དང་རྒྱལ་ཁབ་ཀྱི་འདུ་ཤེས་ཧ་ཅང་ཆེན་པོ་ཡོད་པ་དང་། ལྷག་པར་དུ་རྒྱལ་ཁབ་གཅིག་གྱུར་ལ་མཐོང་ཆེན་དང་གཅེས་འཛིན་བྱེད་ཀྱིན་ཡོད། ཕྱིར་སྡོད་རང་མི་མང་པོ་ཞིག་ཕྱི་རྒྱལ་དུ་ལོ་མང་འཚོ་བ་སྐྱེལ་བཞིན་ཡོད་ཀྱང་། སྔར་བཞིན་རྒྱལ་གཅེས་ཀྱི་བརྩེ་དུང་མ་ཉམས་པར་མེས་རྒྱལ་རྒྱུན་ཆད་མེད་པར་འཕེལ་རྒྱས་དང་སྟོབས་ལྡན་དུ་འགྲོ་བཞིན་པའི་སྣང་ཚུལ་ལ་སྤོབས་སེམས་ཆེན་པོ་སྐྱེ་བཞིན་ཡོད། ངས་འཚམས་འདྲི་བྱེད་སྐབས། ཕྱིར་སྡོད་རང་མིའི་ཕྱི་ཁོངས་ཀྲུང་གོ་བ་དང་ཕྱི་འགྲིམ་སློབ་མ་མང་པོ་ཞིག་གིས་རང་རྟོགས་སྒོས་ལམ་གྱི་གཡས་གཡོན་དུ་ལངས་ནས་ང་ལ་དགའ་བསུ་ཞུས་ཏེ་སྒུག་ཡོད་པ་མཐོང་བྱུང་། ད་ལྟ་ཀྲུང་གོས་ལོ་བརྒྱའི་འབད་འཐབ་དམིགས་འབེན་དང་པོ་མངོན་འགྱུར་བྱུང་ཡོད་པས། ཀྲུང་གོ་མི་དམངས་ཀྱིས་མུ་མཐུད་འབད་འཐབ་བྱས་པ་བརྒྱུད། ཀྲུང་གོས་ཀྲུང་ཧྭ་མི་རིགས་ཀྱི་རླབས་ཆེན་བསྐྱར་དར་མངོན་འགྱུར་བྱེད་ཐུབ་པར་ཡིད་ཆེས་ཀྱིས་བརྟས་ཡོད།  ཀྲུང་གོ་དང་ཧྥ་རན་སི་གཉིས་ཤར་ནུབ་ཀྱི་ཤེས་རིག་ཁོངས་སུ་གཏོགས་པའི་དབང་གིས། རིན་ཐང་འདུ་ཤེས་དང་སྤྱི་ཚོགས་ལམ་ལུགས་མི་འདྲ་ནའང་། ཤེས་རིག་བརྗེ་རེས་དང་ཕན་ཚུན་དཔྱད་གཞིར་འཛིན་རྒྱུར་མཐོང་ཆེན་བྱེད་ཀྱིན་ཡོད། ཕྱོགས་གཉིས་ཀས་ཕན་ཚུན་བར་སྐད་ཆ་བཤད་རེས་དང་མཉམ་ལས་བྱས་པ་བརྒྱུད། འཛམ་གླིང་གི་ཞི་བདེ་དང་འཕེལ་རྒྱས་དང་དེ་བཞིན་མིའི་རིགས་ཡར་ཐོན་ཡོང་བར་ལེགས་སྐྱེས་གསར་པ་ཕུལ་ཆོག  ཀྲུང་གོ་ཕྱོགས་ཀྱིས་ཧྥ་རན་སི་དང་ཡོ་རོབ་དང་མཉམ་དུ། མི་གཞུང་རིག་གནས་བརྗེ་རེས་ལ་ཤུགས་སྣོན་པ་དང་། དཔལ་འབྱོར་ཚོང་དོན་མཉམ་ལས་རྒྱུན་ཆད་མེད་པར་ཟབ་སྤེལ་གཏོང་བ། ཕན་ཚུན་རྒྱུས་ལོན་བྱེད་ཚད་ཇེ་ལེགས་སུ་གཏོང་བ། ཀྲུང་གོ་དང་ཧྥ་རན་སི་དང་ཀྲུང་གོ་དང་ཡོ་རོབ་མི་དམངས་ཀྱི་མཛའ་མཐུན་གཏམ་རྒྱུད་སྔར་ལས་སྲ་བརྟན་དུ་གཏོང་བ་དང་སྔར་ལས་རྒྱུན་འཛིན་བྱེད་འདོད་ཡོད་ཅེས་གསུངས།

མཱ་ཁི་ལུང་གིས་ངས་ན་ནིང་ཀྲུང་གོར་འཚམས་འདྲི་བྱས་པ་དང་ལྷག་པར་དུ་ཀོང་ཀྲོའུ་སུང་ཡོན་གྱི་མཇལ་འཕྲད་ཀྱིས་ང་ལ་བག་ཆགས་ཟབ་མོ་བཞག་ཡོད། སྐུ་ཞབས་ཀྲུའུ་ཞི་དང་བརྗེ་རེས་ཟབ་མོ་བྱས་པ་བརྒྱུད། ངས་གཞི་ནས་ཀྲུང་གོའི་ལོ་རྒྱུས་དང་རིག་གནས། འདུ་ཤེས། འཕེལ་རྒྱས་ཀྱི་བརྒྱུད་རིམ་ལ་སྔར་ལས་ཤེས་རྟོགས་གསལ་པོ་བྱུང་བ་དང་། གནད་དོན་གལ་ཆེན་ཐད་ཀྱི་ཀྲུང་གོའི་ལངས་ཕྱོགས་ལའང་ངོས་འཛིན་གསལ་པོ་བྱུང་།  མིག་སྔའི་རྒྱལ་སྤྱིའི་གནས་བབ་ལ་ངེས་གཏན་མིན་པའི་རང་བཞིན་གྱིས་ཁེངས་ཡོད་པས། ཡོ་རོབ་ཀྱིས་འཐབ་ཇུས་རང་བདག་དང་མཐུན་སྒྲིལ་གཅིག་གྱུར་རྒྱུན་འཁྱོངས་བྱ་རྒྱུ་ནི་གལ་འགངས་ཤིན་ཏུ་ཆེ་བ་ཞིག་ཡིན་ལ། ཡོ་རོབ་དང་ཀྲུང་གོའི་བར་འབྲེལ་བ་བཟང་པོ་འཕེལ་རྒྱས་གཏོང་བ་དང་ཕྱོགས་གཉིས་དང་ཕྱོགས་མང་མཉམ་ལས་ལ་ཤུགས་སྣོན་རྒྱག་རྒྱུ་དེའང་གལ་འགངས་ཤིན་ཏུ་ཆེ་བ་ཞིག་རེད། ཧྥ་རན་སི་དང་ཀྲུང་གོ་ཚང་མ་མཉམ་འབྲེལ་རྒྱལ་ཚོགས་བདེ་འཇགས་ལས་འཛིན་ལྷན་ཚོགས་ཀྱི་ལས་འགན་རྒྱུན་འཛིན་བྱེད་མཁན་རྒྱལ་ཁབ་ཡིན། ངས་ཀྲུའུ་ཞི་ཞི་ཅིན་ཕིང་དང་འབྲེལ་གཏུག་དམ་ཟབ་བྱས་ནས། ཡོ་རོབ་དང་འཛམ་གླིང་གི་ཞི་བདེ་བརྟན་བརླིང་ལ་སྲུང་སྐྱོབ་བྱ་ཆེད་དགེ་མཚན་ལྡན་པའི་ནུས་པ་འདོན་སྤེལ་བྱ་རྒྱུའི་རེ་ལྟོས་ཆེ་ཞེས་བསྟན།

ཞི་ཅིན་ཕིང་གིས་ཙུང་ཐུང་མཱ་ཁི་ལུང་དང་ཁོང་གི་ལྕམ་མོས་སྤྲོ་སེམས་འཁོལ་བའི་ངང་གདན་ཞུས་དང་བཀོད་སྒྲིག་ཞིབ་ཚགས་བྱས་པར་ཐུགས་རྗེ་ཆེ་ཞུས་པ་དང་། དེ་རིང་ང་དང་ལྕམ་མོ་ཕིན་ལིས་ཡོན་དང་ཙུང་ཐུང་མཱ་ཁི་ལུང་དང་ཁྱེད་ཀྱི་ལྕམ་མོ་བཅས་ཀྱིས་མཉམ་དུ་བརྗེད་པར་དཀའ་བའི་མཛེས་སྡུག་ལྡན་པའི་དུས་ཚོད་ཞིག་མཉམ་དུ་བསྐྱལ་བ་ཡིན། ངས་ཙུང་ཐུང་མཱ་ཁི་ལུང་དང་རྒྱུན་དུ་འགྲོ་འོང་དང་མཉམ་དུ་འབད་བརྩོན་བྱས་ཏེ། ཀྲུང་གོ་དང་ཧྥ་རན་སིའི་འབྲེལ་བ་དང་ཀྲུང་གོ་དང་ཡོ་རོབ་བར་གྱི་འབྲེལ་བ་བདེ་ཐང་དང་བརྟན་བརླིང་ངང་འཕེལ་རྒྱས་འགྲོ་རྒྱུར་སྣེ་ཁྲིད་བྱས་ནས། མིག་སྔའི་ཟང་ཟིང་ཆེ་བའི་འཛམ་གླིང་འདི་ལ་བརྟན་བརླིང་རང་བཞིན་དང་དྲང་ཕྱོགས་ཀྱི་ནུས་ཤུགས་སྔར་ལས་གང་མང་སྣོན་རྒྱུའི་རེ་ལྟོས་བྱེད་ཀྱིན་ཡོད་ལ། ཙུང་ཐུང་མཱ་ཁི་ལུང་སྟབས་བདེ་བའི་སྐབས་སུ་སླར་ཡང་ཀྲུང་གོར་འཚམས་འདྲིར་ཕེབས་པར་དགའ་བསུ་ཞུ་རྒྱུ་ཡིན་ཞེས་གསུངས།

ཞི་ཅིན་ཕིང་གནས་དེ་ནས་ཞལ་གྱེས་སྐབས་ས་གནས་དེ་གའི་གྲོང་མིས་ལུག་རྫིའི་གླུ་གཞས་བླངས་ནས། ཞི་ཅིན་ཕིང་དང་ལྕམ་མོ་ཕིན་ལིས་ཡོན་འཚམས་འདྲིར་ཕེབས་པར་ཐུགས་རྗེ་ཆེ་ཞུས་པར་མ་ཟད། སྤྲོ་སེམས་འཁོལ་བའི་ངང་ཁོང་ཚོ་ཡང་བསྐྱར་ཕེབས་ཐུབ་པའི་བསམ་པ་བསྟན།

ཞི་ཅིན་ཕིང་གིས་གནས་འདིའི་མཛེས་སྡུག་ལྡན་པའི་ཡུལ་ལྗོངས་དང་ཁྱད་ལྡན་ཟས་ཞིམ་གྱིས་ང་ལ་བག་ཆགས་ཟབ་མོ་བཞག་ཡོད། ཧྥ་རན་སིའི་སྤུས་ལེགས་ཞིང་ལས་ཐོན་རྫས་སྔར་ལས་གང་མང་ཀྲུང་གོའི་མི་དམངས་ཀྱི་ཁྱིམ་དུ་ཐོན་ངེས་པར་དགའ་བསུ་ཞུ་རྒྱུ་ཡིན་ལ། མཛའ་བརྩེ་ལྡན་པའི་ཧྥ་རན་སིའི་མི་དམངས་སྔར་ལས་གང་མང་ཀྲུང་གོར་ལྟ་སྐོར་དང་འཚམས་འདྲིར་ཡོང་བར་དགའ་བསུ་ཞུས་པ་ཡིན་ཞེས་གསུངས།

མཱ་ཁི་ལུང་དང་པུའུ་ལིས་ཅིས་ཐི་གཉིས་ཞི་ཅིན་ཕིང་དང་ཕིན་ལིས་ཡོན་གཉིས་དང་མཉམ་དུ། ཐུའུ་ཨར་མཱ་ལའེ་རི་བོའི་ལུང་མདོ་ནས་ཞལ་གྱེས་ཏེ་ཐཱ་པུའུ་གནམ་ཐང་དུ་ཕྱིར་ལོག་པར་མ་ཟད། ཐཱ་པུའུ་གནམ་ཐང་ནས་དངོས་སུ་སྐྱེལ་མ་ཞུ་བའི་མཛད་སྒོ་སྤེལ་བ་དང་། རྒྱལ་ཁབ་གཉིས་ཀྱི་གཙོ་འཛིན་གྱིས་ཡང་བསྐྱར་པེ་ཅིང་དུ་མཇལ་རྒྱུའི་འཛོམས་ཆད་བཏབ།

ཉིན་དེའི་དགོང་མོར་ཞི་ཅིན་ཕིང་ཆེད་གཏོང་གནམ་གྲུར་བསྡད་དེ་ཧྥ་རན་སི་ནས་ཞལ་གྱེས་ཏེ། པེ་ཨར་ཀི་ལའེ་ཏིར་བསྐྱོད་དེ། སེར་ཝེ་ཡའི་ཙུང་ཐུང་ཝུའུ་ཆི་ཆིའི་གདན་ཞུས་ལྟར་སེའར་ཝེ་ཡར་རྒྱལ་དོན་འཚམས་འདྲི་གནང་།

བན་དེ་སྐྱབས་ཀྱིས་བསྒྱུར།