ས་དེའི་དུས་ཚོད་ཟླ5པའི་ཚེས6ཉིན་གྱི་ཕྱི་དྲོར། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གི་ལྕམ་མོ་ཕིན་ལིས་ཡོན་གྱིས་ཕ་རེ་སི་རུ་ཧྥ་རན་སིའི་ཙུང་ཐུང་མཱ་ཁི་ལུང་གི་ལྕམ་མོ་པུའུ་ལིས་ཅི་ཐི་དང་མཉམ་དུ་ཨོ་སའེ་རྟེན་མཛོད་ཁང་ལ་ལྟ་སྐོར་བྱས།
པུའུ་ལིས་ཅི་ཐི་ཡིས་རྟེན་མཛོད་ཁང་གི་སྒོ་ཁ་ནས་སྤྲོ་སེམས་འཁོལ་བའི་ངང་ཕིན་ལིས་ཡོན་ལ་བསུ་མ་བྱས། རྒྱལ་ཁབ་གཉིས་ཀྱི་གཙོ་འཛིན་གྱི་ལྕམ་མོ་གཉིས་རྟེན་མཛོད་ཁང་དུ་སོང་ནས“ཕ་རེ་སིའི1874ལོའི་སྣང་འཆར་རིང་ལུགས་གསར་གཏོད”ཅེས་པའི་བརྗོད་དོན་འགྲེམས་སྟོན་དང་རྟེན་མཛོད་ཁང་གི་སྣུམ་རིས་སྤུས་ལེགས་འགྲེམས་སྟོན་ལ་བལྟས། ཁོ་མོ་གཉིས་ཀྱིས་རི་མོ་པ་གྲགས་ཅན་མོ་ནའེ་དང་། ཧྥན་ཀའོ། ལེ་ནུའོ་ཨ་སོགས་ཀྱིས་གསར་རྩོམ་བྱས་པའི་སྣང་འཆར་ལུགས་ཀྱི་བརྩམས་ཆོས་གྲགས་ཅན་ལ་གཟིགས་ཞིབ་ནན་ཏན་བྱས་ནས་ཕན་ཚུན་གྱི་མྱོང་ཚོར་བརྗེ་རེས་བྱས།
ཕིན་ལིས་ཡོན་གྱིས་བསྟན་དོན། ཀྲུང་གོ་དང་ཧྥ་རན་སི་རྒྱལ་ཁབ་གཉིས་ཀྱི་མི་དམངས་ཚང་མ་རི་མོའི་སྒྱུ་རྩལ་ལ་ཧ་ཅང་དགའ་བས། ཕྱོགས་གཉིས་ཀྱིས་བརྗེ་རེས་སྔར་ལས་མང་པོ་བྱེད་པ་དང་། རྒྱལ་ཁབ་གཉིས་ཀྱི་མང་ཚོགས་ཀྱིས་ཕན་ཚུན་གྱི་རིག་གནས་འགུག་ཤུགས་སྔར་ལས་མང་པོ་མྱོང་རོལ་ཐུབ་པ་དང་ཕན་ཚུན་ཤེས་རྟོགས་ཇེ་ཟབ་ཏུ་གཏོང་རྒྱུའི་རེ་བ་ཡོད། རྒྱལ་ཁབ་གཉིས་ཀྱི་སྒྱུ་རྩལ་པ་རྣམས་ཀྱིས་བརྗེ་རེས་དང་སློབ་སྦྱོང་ལ་ཤུགས་སྣོན་པ་དང་ཕན་ཚུན་བློ་འབྱེད་བྱས་ནས་སྒྱུ་རྩལ་བརྩམས་ཆོས་སྔར་ལས་མང་པོ་གསར་རྩོམ་བྱ་རྒྱུའི་རེ་བ་ཡོད།
རྟེན་མཛོད་ཁང་གི་ཚོམས་ཆེན་དུ་རྒྱལ་ཁབ་གཉིས་ཀྱི་གཙོ་འཛིན་གྱི་ལྕམ་མོས་ལྟ་སྐོར་སློབ་སྦྱོང་བྱེད་བཞིན་པའི་ཧྥ་རན་སིའི་སློབ་མ་ཚོ་དང་མཉམ་དུ་བྱམས་བརྩེའི་ངང་བསམ་ཚུལ་བརྗེ་རེས་བྱས། སློབ་གྲོགས་ཚོས་རང་ཉིད་ཀྱིས་རྒྱ་ཡིག་སློབ་སྦྱོང་བྱས་པའི་ཉམས་མྱོང་མཉམ་སྤྱོད་བྱས་པ་དང་། ཀྲུང་གོའི་རིག་གནས་ལ་བཅངས་པའི་དགའ་ཞེན་མཚོན་པར་བྱས། ཕིན་ལིས་ཡོན་གྱིས་ཚང་མར་རྒྱ་ཡིག་ཡག་པོ་སྦྱོང་རྒྱུར་འབད་བརྩོན་བྱེད་པ་དང་། གོ་སྐབས་བྱུང་ཚེ་ཀྲུང་གོར་བརྗེ་རེས་དང་སློབ་སྦྱོང་བྱེད་དུ་སོང་ནས་ངེས་དོན་གྱི་ཀྲུང་གོར་མྱོང་ཚོར་བྱ་རྒྱུའི་སྐུལ་མ་བྱས། སློབ་གྲོགས་ཚོ་ཀྲུང་གོ་དང་ཧྥ་རན་སིའི་མཛའ་གྲོགས་ཀྱི་ཕོ་ཉ་ཆུང་ཆུང་དུ་གྱུར་ནས་རྒྱལ་ཁབ་གཉིས་ཀྱི་དམངས་ཁྲོད་དུ་འབྲེལ་ཟམ་བཙུགས་ཏེ་ཀྲུང་གོ་དང་ཧྥ་རན་སིའི་མཛའ་བརྩེ་མི་རབས་ནས་མི་རབས་བར་རྒྱུན་འཛིན་བྱ་རྒྱུའི་རེ་བ་ཡོད་ཅེས་བསྟན།
ཨའོ་སའེ་རྟེན་མཛོད་ཁང་ནི་ཧྥ་རན་སིའི་གཞུང་བཙུགས་རྟེན་མཛོད་ཁང་ཞིག་ཡིན་པ་དང་། 1986ལོར་ལེགས་འགྲུབ་བྱུང་ལ། འཛམ་གླིང་སྟེང་གི་སྣང་འཆར་ཕྱོགས་ཁག་དང་སྣང་འཆར་ཕྱི་མའི་ཕྱོགས་ཁག་གི་དངོས་པོ་ཉར་ཚགས་བྱས་པ་ཕུན་སུམ་ཚོགས་པའི་རྟེན་མཛོད་ཁང་ཞིག་རེད།
ཤ་བོ་གསེར་མཚོས་བསྒྱུར།