ཞི་ཅིན་ཕིང་གིས་སེར་ཝེ་ཡའི་ཙུང་ཐུང་དང་མཉམ་དུ་གསར་འགོད་པར་མཇལ་འཕྲད་གནང་།
2024.05.09 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 14

ས་དེའི་དུས་ཚོད་ཟླ5པའི་ཚེས8ཉིན་གྱི་ཉིན་གུང་། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་པེ་ཨེར་ཀི་ལའེ་ཏིའི་སེར་ཝེ་ཡའི་ཐོག་ཁང་ཆེན་མོ་རུ་སེར་ཝེ་ཡའི་ཙུང་ཐུང་ཝུའུ་ཆི་ཆི་དང་གྲོས་མོལ་མཛད་རྗེས་མཉམ་དུ་གསར་འགོད་པར་མཇལ་འཕྲད་གནང་།

ཞི་ཅིན་ཕིང་གིས་ཐོག་མར་ཀྲུང་གོ་སྲིད་གཞུང་དང་ཀྲུང་གོ་མི་དམངས་ཀྱི་ཚབ་མཛད་ནས་ཙུང་ཐུང་ཝུའུ་ཆི་ཆི་དང་སེར་ཝེ་ཡའི་སྲིད་གཞུང་། སྤུན་གྲོགས་ལྟ་བུའི་སེར་ཝེ་ཡའི་མི་དམངས་ལ་ལྷག་བསམ་རྣམ་དག་གིས་འཚམས་འདྲི་མཛད།

ཞི་ཅིན་ཕིང་གིས་བསྟན་དོན། 2016ལོར་ངས་སེར་ཝེ་ཡར་རྒྱལ་དོན་འཚམས་འདྲི་བྱེད་དུས། སེར་ཝེ་ཡའི་འགོ་ཁྲིད་མི་སྣ་དང་མི་དམངས་ཀྱིས་སྤྲོ་སེམས་འཁོལ་བའི་ངང་སྣེ་ལེན་བྱས་པ་དེ་ངས་ད་བར་དུ་བརྗེད་མི་སྲིད། ལོ་བརྒྱད་ཀྱི་རྗེས་སུ་ཡང་བསྐྱར་འཚམས་འདྲི་བྱེད་སྐབས། ངས་ཙུང་ཐུང་ཝུའུ་ཆི་ཆི་ཡི་འགོ་ཁྲིད་འོག སེར་ཝེ་ཡའི་དཔལ་འབྱོར་སྤྱི་ཚོགས་གོང་འཕེལ་ཆེན་པོ་བྱུང་བ་དང་། ཕྱོགས་བསྡུས་རྒྱལ་ཤུགས་དང་རྒྱལ་སྤྱིའི་གོ་གནས་མངོན་གསལ་སྒོས་ཇེ་མཐོར་སོང་ལ། མི་དམངས་ཀྱི་འཚོ་བའི་ཆུ་ཚད་རྒྱུན་མ་ཆད་པར་མཐོར་འདེགས་སོང་བ་མཐོང་བྱུང་། ཀྲུང་གོ་དང་སེར་ཝེ་ཡ་ནི་གྲོགས་པོ་ངོ་མ་དང་ཟླ་གྲོགས་བཟང་བོ་ཡིན་པ་དང་། རྒྱལ་ཁབ་གཉིས་ཀྱི་ཆབ་སྲིད་ཡིད་རྟོན་ཧ་ཅང་བརྟན་པ་དང་། དངོས་གཉེར་མཉམ་ལས་སྤུས་འདེགས་ནུས་སྤེལ་བྱས་ལ། ཕྱོགས་མང་མཐུན་སྦྱོར་དམ་ཟབ་ཐོགས་མེད་ཡིན་པ་དང་། མཛའ་བརྩེ་ལྕགས་ལས་བརྟན།

ཞི་ཅིན་ཕིང་གིས་ནན་གྱིས་བསྟན་དོན། མདང་དགོང་ཙུང་ཐུང་ཝུའུ་ཆི་ཆི་དང་ཁོང་གི་ལྕམ་མོ། ཙུང་ལི་དང་སྔོན་ཆད་ཀྱི་ཙུང་ཐུང་། གྲོས་དཔོན། ཕྱི་འབྲེལ་པུའུ་ཀྲང་སོགས་དངོས་སུ་གནམ་གྲུ་ཐང་དུ་ཐོན་ནས་ང་དང་ངའི་ལྕམ་མོར་བསུ་མ་མཛད་པར་མ་ཟད། སེར་ཝེ་ཡའི་ཁྱད་ཆོས་ལྡན་པའི་འཁྲབ་སྟོན་བཀོད་སྒྲིག་བྱས་པར་སེམས་འགུལ་ཆེན་པོ་ཐེབས་ཡོད། དེ་རིང་སྔ་དྲོར། ཙུང་ཐུང་ཝུའུ་ཆི་ཆི་ཡིས་གཟབ་རྒྱས་ཆེ་བའི་མང་ཚོགས་ཀྱི་དགའ་བསུའི་མཛད་སྒོ་བཀོད་སྒྲིག་བྱས་པ་དང་། སེར་ཝེ་ཡའི་མི་དམངས་ཀྱིས་ཀྲུང་གོ་དང་ཀྲུང་གོ་མི་དམངས་ལ་བཅངས་པའི་བརྩེ་སེམས་ཟབ་མོས་ང་རང་ལ་ཡང་བསྐྱར་སེམས་འགུལ་ཐེབས་སུ་བཅུག སྔོན་ཏག་ཏག་ལ་ང་དང་ཙུང་ཐུང་ཝུའུ་ཆི་ཆི་ཡིས་བརྩེ་ལྡན་མཛའ་མཐུན་གྱི་སྣང་ཚུལ་ཁྲོད། ཀྲུང་གོ་དང་སེར་ཝེ་ཡའི་འབྲེལ་བ་དང་ཕྱོགས་གཉིས་ཐུན་མོང་གིས་སེམས་ཁུར་བྱེད་པའི་གནད་དོན་ཐད་ནས་བསམ་ཚུལ་བརྗེ་རེས་བྱས་པ་དང་། ཐུན་མོང་གི་ལྟ་བ་གསར་པ་མང་པོ་བྱུང་བ་སྟེ།

གཅིག་ནས་ང་ཚོས་མཉམ་དུ་དུས་རབས་གསར་པའི་ཀྲུང་གོ་དང་སེར་ཝེ་ཡའི་ལས་སྐལ་གཅིག་མཐུན་ཚོགས་པ་བཙུགས་པ་དྲིལ་སྒྲོག་བྱས་ནས། ཀྲུང་གོ་དང་སེར་ཝེ་ཡའི་འབྲེལ་བའི་ལོ་རྒྱུས་ཀྱི་ལེའུ་གསར་པའི་འགོ་བརྩམས། ལོ་བརྒྱད་ཀྱི་སྔོན་ལ། སེར་ཝེ་ཡ་ཀྲུང་གོའི་ཡོ་རོབ་གླིང་དབུས་ཤར་ས་ཁུལ་གྱི་ཕྱོགས་ཡོངས་ཀྱི་འཐབ་ཇུས་གྲོགས་པོར་གྱུར། དེ་རིང་། སེར་ཝེ་ཡ་ཀྲུང་གོའི་བར་ལས་སྐལ་གཅིག་མཐུན་ཚོགས་པ་བཙུགས་པའི་ཡོ་རོབ་གླིང་གི་རྒྱལ་ཁབ་ཐོག་མར་གྱུར་པ་དང་། དེས་ཀྲུང་གོ་དང་སེར་ཝེ་ཡའི་འབྲེལ་བའི་འཐབ་ཇུས་རང་བཞིན་དང་དམིགས་བསལ་རང་བཞིན། ཆུ་ཚད་མཐོན་པོ་བཅས་མཚོན་ཡོད།

གཉིས་ནས་འཐབ་ཇུས་བརྗེ་རེས་ལ་ཤུགས་སྣོན་པ་བརྒྱུད་དེ་དུས་རབས་གསར་པའི་ཀྲུང་གོ་དང་སེར་ཝེ་ཡའི་ལས་སྐལ་གཅིག་མཐུན་ཚོགས་པར་སྣེ་ཁྲིད་སྲུང་སྐྱེལ་བྱེད་པར་ང་ཚོ་མཉམ་དུ་འཐད་པ་བྱུང་བ་དང་། ཕྱོགས་གཉིས་ཀྱིས་ཕན་ཚུན་གྱི་ཁེ་ཕན་གཙོ་བོ་དང་སེམས་ཁུར་ཆེན་པོར་རྒྱབ་སྐྱོར་བརྟན་པོ་བྱེད་པ་དང་། ལས་སྐལ་གཅིག་མཐུན་ཚོགས་པ་བསྐྲུན་པའི་ཆབ་སྲིད་ཀྱི་རྨང་རྡོ་ཇེ་བརྟན་དུ་གཏོང་དགོས། ཀྲུང་གོ་ཕྱོགས་ཀྱིས་སེར་ཝེ་ཡས་རང་བཙན་རང་ཚུགས་རྒྱུན་འཁྱོངས་དང་རང་རྒྱལ་ཁབ་ཀྱི་གནས་ཚུལ་དངོས་དང་འཚམ་པའི་འཕེལ་རྒྱས་ཀྱི་ལམ་དུ་བསྐྱོད་པར་རྒྱབ་སྐྱོར་བྱེད་ཀྱིན་ཡོད་པ་དང་། སེར་ཝེ་ཡའི་ཕྱོགས་ཀྱིས་ཁི་སོ་ཝོའི་གནད་དོན་སྟེང་རྒྱལ་ཁབ་ཀྱི་བདག་དབང་དང་མངའ་ཁོངས་ཆ་ཚང་ལ་སྲུང་སྐྱོབ་བྱེད་ཆེད་འབད་བརྩོན་བྱེད་པར་རྒྱབ་སྐྱོར་བྱེད་ཀྱིན་ཡོད།

གསུམ་ནས་ང་ཚོས་མཉམ་དུ་མཉམ་ལས་ཡིག་ཆ་མང་པོ་བཀོད་པར་བདེན་དཔང་བྱས་ཏེ། ཀྲུང་གོ་དང་སེར་ཝེ་ཡའི་མཉམ་ལས་མཉམ་རྒྱལ་ཐད་སྒུལ་ནུས་གསར་པ་བསྣན། ཀྲུང་གོ་དང་སེར་ཝེ་ཡའི་སྤུས་ཚད་མཐོ་བའི་རྒྱུད་གཅིག་ལམ་གཅིག་མཉམ་འཛུགས་ཐད་ནས་གྲུབ་འབྲས་གཡུར་དུ་ཟ་བ་བླངས་པ་དང་། ཕྱོགས་གཉིས་ཀྱིས་ཁྱབ་ཁོངས་ཆེ་བ་དང་སྤུས་ཚད་མཐོ་བ། ཕན་འབྲས་བཟང་བའི་དངོས་གཉེར་མཉམ་ལས་ལ་མུ་མཐུད་དུ་སྐུལ་འདེད་བཏང་ནས། ཕན་ཚུན་གྱི་དཔལ་འབྱོར་སྤྱི་ཚོགས་འཛུགས་སྐྲུན་ཐད་རོགས་ཤུགས་ཆེན་པོ་བཏོན་པར་མ་ཟད། དཔལ་འབྱོར་འཛམ་གླིང་ཅན་དུ་བསྒྱུར་བ་དང་ཀུན་ཕན་ཁོངས་ཡངས་སྒོས་འཕེལ་རྒྱས་སུ་གཏོང་བའི་ལག་ལེན་དངོས་སུ་ཡང་འགྱུར་ངེས་རེད།

བཞི་ནས་འགྲིམ་འགྲུལ་དང་ནུས་ཁུངས་ཀྱི་རྨང་གཞིའི་སྒྲིག་ཆས་སོགས་སྲོལ་རྒྱུན་དགེ་མཚན་ཁྱབ་ཁོངས་ཀྱི་མཉམ་ལས་ཏན་ཏིག་སྒོས་སྤེལ་ནས། གསར་སྐྲུན་མཉམ་ལས་དེ་ཕྱོགས་གཉིས་ཀྱི་འབྲེལ་བའི་འཕར་སྣོན་གནས་གསར་པ་རུ་གསར་སྐྲུན་བྱེད་པར་ང་ཚོ་མཉམ་དུ་འཐད་པ་བྱུང་ཡོད། ཁྱབ་ཁོངས་སོ་སོའི་མི་སྣའི་འགྲོ་འོང་རྒྱ་བསྐྱེད་པ་དང་། རིག་གནས་དང་སློབ་གསོ། ལུས་རྩལ། ཡུལ་སྐོར། ས་གནས་བཅས་ཐད་ཀྱི་མཉམ་ལས་ཕྱོགས་ཡོངས་ནས་ཇེ་ཟབ་ཏུ་གཏོང་བ་དང་། ཏང་བར་གྱི་འགྲོ་འོང་དང་རྒྱལ་སྲིད་སྐྱོང་བའི་ཉམས་མྱོང་བརྗེ་རེས་ཐད་ཤུགས་སྣོན་པ། འཛམ་གླིང་ཡོངས་ཀྱི་གྲོས་གཞི་ཆེན་པོ་གསུམ་མཉམ་དུ་ལག་བསྟར་བྱས་ཏེ། མིའི་རིགས་ཀྱི་ལས་སྐལ་གཅིག་མཐུན་ཚོགས་པ་འཛུགས་པར་སྐུལ་འདེད་གཏོང་བ། འདྲ་མཉམ་དྲང་གཞག་རྒྱུན་འཁྱོངས་བྱས་ནས། བཙན་དབང་རིང་ལུགས་དང་དྲག་ཤུགས་ཆབ་སྲིད་ལ་མཉམ་དུ་ངོ་རྒོལ་བྱེད་དགོས།

ཞི་ཅིན་ཕིང་གིས་ཀྲུང་གོས་དུས་རབས་གསར་པའི་ཀྲུང་གོ་དང་སེར་ཝེ་ཡའི་ལས་སྐལ་གཅིག་མཐུན་ཚོགས་པ་འཛུགས་སྐྲུན་ཐད་རྒྱབ་སྐྱོར་བྱེད་པའི་སྐབས་དང་པོའི་དངོས་གཉེར་བྱེད་ཐབས་སྣ་དྲུག་དྲིལ་སྒྲོག་བྱས་པ་སྟེ།

གཅིག ཕྱོགས་གཉིས་ཀྱིས་འབད་འཐབ་འོག ཀྲུང་གོ་དང་སེར་ཝེ་ཡའི་རང་དབང་ཉོ་ཚོང་གྲོས་མཐུན་དེ་ད་ལོའི་ཟླ་7པའི་ཚེས1ཉིན་དངོས་སུ་ནུས་ལྡན་དུ་འགྱུར་རྒྱུ་རེད།

གཉིས། ཀྲུང་གོ་ཕྱོགས་ཀྱིས་སེར་ཝེ་ཡས2027ལོའི་ཆེད་ལས་རིགས་ཀྱི་འཛམ་གླིང་དངོས་མང་བཤམས་སྟོན་འདུ་ཚོགས་འགན་སྒྲུབ་བྱེད་པར་རྒྱབ་སྐྱོར་བྱེད་པ་དང་། སྐབས་དེར་ཚོགས་པ་མངགས་ནས་དངོས་མང་བཤམས་སྟོན་ལ་ཞུགས་པ་དང་། ཀྲུང་གོའི་ཁེ་ལས་འབྲེལ་ཡོད་ལས་གཞིའི་འཛུགས་སྐྲུན་ཁྲོད་ཞུགས་པར་སྐུལ་མ་བྱེད་རྒྱུ།

གསུམ། ཀྲུང་གོ་ཕྱོགས་ཀྱིས་སེར་ཝེ་ཡའི་ཁྱད་ལྡན་སྤུས་ལེགས་ཞིང་ལས་ཐོན་རྫས་ཀྱི་ནང་འདྲེན་རྒྱ་བསྐྱེད་པ་དང་། ཕྱོགས་གཉིས་ཀྱིས་པ་ལུམ་སྐམ་པོ་དང་འབྲུ་སེའུ་སྔོན་པོ་ཀྲུང་གོར་ནང་འདྲེན་བྱེད་པའི་འགྲོ་ལུགས་བསྒྲུབས་ཚར་བར་མ་ཟད། སེར་ཝེ་ཡའི་འགོས་ཉེན་ཆེ་བའི་བྱ་ནད་ཚབས་ཆེན་གྱི་བཀག་རྒྱ་འགྲོལ་རྒྱུ།

བཞི། ཀྲུང་གོ་ཕྱོགས་ཀྱིས་མ་འོངས་པའི་ལོ་གསུམ་ནང་སེར་ཝེ་ཡའི་ན་གཞོན་ཚན་རིག་པ་ཀྲུང་གོར་ཡོང་ནས་ཚན་རིག་ཞིབ་འཇུག་གི་བརྗེ་རེས་སྤེལ་བར་རྒྱབ་སྐྱོར་བྱེད་རྒྱུ།

ལྔ། ཀྲུང་གོས་མ་འོངས་པའི་ལོ་གསུམ་ནང་སེར་ཝེ་ཡའི་ན་གཞོན་ལོ་ཆུང་སུམ་བརྒྱ་ཀྲུང་གོར་སློབ་སྦྱོང་བྱེད་པར་ཡོང་བར་གདན་འདྲེན་བྱེད་རྒྱུ།

དྲུག ཀྲུང་གོ་ཕྱོགས་ཀྱིས་སེར་ཝེ་ཡས་པེ་ཨར་ཀི་ལའེ་ཏི་ནས་ཧྲང་ཧེ་བར་གྱི་ཐད་གཏོང་གནམ་གྲུ་གཏོང་ཐེངས་ཇེ་མང་དུ་གཏོང་བ་དང་། རྒྱལ་ཁབ་གཉིས་ཀྱི་མཁའ་འགྲུལ་སྐྱེལ་འདྲེན་ཁེ་ལས་ཀྱིས་པེ་ཨར་ཀི་ལའེ་ཏི་ནས་ཀོང་ཀྲིག་བར་གྱི་ཐད་གཏོང་གནམ་གྲུ་གཏོང་བར་སྐུལ་སློང་གཏོང་རྒྱུ་བཅས་རེད།

ཞི་ཅིན་ཕིང་གིས་བསྟན་དོན། ལོ་རྒྱུས་ལ་ཕྱིར་ལྟ་བྱས་ན། ཀྲུང་གོ་དང་སེར་ཝེ་ཡའི་མཛའ་བརྩེ་དེ་འཛམ་གླིང་གི་ཞི་བདེ་དང་འཕེལ་རྒྱས་ལ་མཉམ་དུ་སྲུང་སྐྱོབ་བྱེད་པའི་རླབས་ཆེན་འབད་བརྩོན་ཁྲོད་གྲུབ་པ་ཡིན་ལ། རྔུལ་ཁྲག་དང་ཚེ་སྲོག་གིས་གྲུབ་པ་ཡིན། མ་འོངས་ལ་རྒྱང་ལྟ་བྱ་ནས། དུས་རབས་གསར་པའི་ཀྲུང་གོ་དང་སེར་ཝེ་ཡའི་ལས་སྐལ་གཅིག་མཐུན་ཚོགས་པ་འཛུགས་རྒྱུ་ནི་ཕྱོགས་གཉིས་ཀྱི་འཐབ་ཇུས་ཀྱི་གདམ་གསེས་ཡིན་པ་དང་། དེའི་དམིགས་འབེན་ནི་རྒྱལ་ཁབ་གཉིས་ཀྱི་མི་དམངས་ཀྱི་མཛེས་སྡུག་འཚོ་བའི་ཐད་ཀྱི་རེ་སྒུག་མངོན་འགྱུར་བྱེད་རྒྱུ་དེ་ཡིན་ལ། སྒུལ་ཤུགས་རྒྱལ་ཁབ་གཉིས་ཀྱི་མི་དམངས་ཀྱི་རྒྱབ་སྐྱོར་བརྟན་པོ་དང་ཟབ་ཞུགས་ལས་བྱུང་བ་ཡིན། ཀྲུང་གོ་ཕྱོགས་ཀྱིས་སེར་ཝེ་ཡ་དང་མཉམ་དུ། དུས་རབས་གསར་པའི་ཀྲུང་གོ་དང་སེར་ཝེ་ཡའི་ལས་སྐལ་གཅིག་མཐུན་ཚོགས་པ་བསྐྲུན་པའི་སྐྱོད་ལམ་གསར་པར་ཞུགས་འདོད་ཡོད།

ཝུའུ་ཆི་ཆི་ཡིས་བཤད་རྒྱུར། ལོ་བརྒྱད་འགོར་རྗེས་ཀྲུའུ་ཞི་ཞི་ཅིན་ཕིང་ཡང་བསྐྱར་འཚམས་འདྲིར་ཕེབས་པས། སེར་ཝེ་ཡ་ལ་མཚོན་ན་དོན་སྙིང་གལ་ཆེན་ལྡན། རྒྱལ་ཁབ་གཉིས་ཀྱི་མཉམ་ལས་ཐད་གྲུབ་འབྲས་གཡུར་དུ་ཟ་བ་བླངས་ཤིང་། སེ་ཝེ་ཡ་མི་དམངས་ལ་དོན་དངོས་ཀྱི་བདེ་སྐྱིད་བསྐྲུན་ཡོད། ངས་ཀྲུའུ་ཞི་ཞི་ཅིན་ཕིང་དང་གྲོས་མོལ་གཏིང་ཟབ་བྱས་པས་ཕན་ཁེ་ཆེན་པོ་ཐོབ། ང་དང་ཀྲུའུ་ཞི་ཞི་ཅིན་ཕིང་གིས་དུས་རབས་གསར་པར་རྒྱལ་ཁབ་གཉིས་ཀྱི་ལས་སྐལ་གཅིག་མཐུན་ཚོགས་པ་འཛུགས་པའི་མཉམ་འབྲེལ་གསལ་བསྒྲགས་སྟེང་མཉམ་དུ་མིངབཀོད་ཡོད་ལ། ཀྲུའུ་ཞི་ཞི་ཅིན་ཕིང་གིས་སེར་ཝེ་ཡ་དང་ཀྲུང་གོའི་མཉམ་ལས་ཀྱི་དངོས་གཉེར་བྱེད་ཐབས་མང་བོར་རྒྱབ་སྐྱོར་བྱས་པར་བཀའ་དྲིན་ཆེ་ཞུས་པ་ཡིན། ང་ཚོར་ཀྲུང་གོ་ལྟ་བུའི་རླབས་ཆེན་གྱི་གྲོགས་པོ་ཞིག་ཡོད་པ་དང་རྒྱལ་ཁབ་གཉིས་ཀྱི་འབྲེལ་བའི་ངེས་གནས་གསར་པར་ཡིད་ཆེས་ཀྱིས་ཁེངས་ཡོད་ལ། རྒྱལ་ཁབ་གཉིས་ཀྱི་འབྲེལ་བའི་མ་འོངས་པར་བློ་སྤོབས་སྐྱེས་ཡོད། སེར་ཝེ་ཡ་ཕྱོགས་ཀྲུང་གོའི་སྲོག་ཤིང་ཁེ་ཕན་གྱི་གནད་དོན་ཡོད་ཚད་སྟེང་མུ་མཐུད་དུ་ཀྲུང་གོ་ཕྱོགས་དང་མཉམ་དུ་ལངས་ཏེ། རྒྱལ་ཁབ་གཉིས་ཀྱི་རྣོ་ལྕགས་ལྟ་བུའི་མཛའ་བརྩེ་ལ་བར་ཆད་དང་གཏོར་བརླགས་གཏོང་མི་སྲིད་ཅེས་བཤད།

ཚའེ་ཆི་དང་ཝང་དབྱི་གོང་གསལ་བྱེད་སྒོར་ཞུགས།