ས་དེའི་དུས་ཚོད་ཟླ5པའི་ཚེས8ཉིན་གྱི་ཕྱི་དྲོར། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་སེར་ཝེ་ཡར་རྒྱལ་དོན་འཚམས་འདྲི་གནང་ཚར་ལ་ཉེ་བའི་སྐབས་དང་བསྟུན་ནས། སེར་ཝེ་ཡའི་ཙུང་ཐུང་ཝུའུ་ཆི་ཆི་དང་ལྕམ་མོ་ཐཱ་མ་ལཱ་ཡིས་པེ་ཨར་ཀི་ལའེ་ཏིའི་ཞི་བདེའི་གཞིས་ཀ་རུ་ཞི་ཅིན་ཕིང་དང་ལྕམ་མོ་ཕིན་ལིས་ཡོན་ལ་སྐྱེལ་མ་ཞུས།
དབྱར་དུས་ཀྱི་དུས་འགོར་གནམ་གཤིས་དྭངས་ལ་རླུང་བུའི་རྒྱུ་བ་འཇམ། ཙུང་ཐུང་ཝུའུ་ཆི་ཆི་བཟའ་ཟླ་གཉིས་ཀྱིས་ཞི་བདེའི་གཞིས་ཀ་རུ། ཞི་ཅིན་ཕིང་དང་ཕིན་ལིས་ཡོན་ལ་སྤྲོ་སེམས་འཁོལ་བའི་ངང་བསུ་མ་ཞུས།
རྒྱལ་ཁབ་གཉིས་ཀའི་གཙོ་འཛིན་བཟའ་ཟླ་ཟུང་མཉམ་དུ་ཉི་ཁྱམས་སུ་བསྐྱོད་དེ། པེ་ཨར་ཀི་ལའེ་ཏིའི་གྲོང་ཁྱེར་གྱི་རྣམ་པར་རྒྱང་གཟིགས་གནང་། ཝུའུ་ཆི་ཆི་ཡིས་ཞི་ཅིན་ཕིང་ལ་པེ་ཨར་ཀི་ལའེ་ཏི་གྲོང་ཁྱེར་གྱི་ལོ་རྒྱུས་དང་ཉེ་བའི་ལོ་འགའི་རིང་གི་འཕེལ་རྒྱས་དང་འགྱུར་ལྡོག་ངོ་སྤྲོད་གནང་བ་དང་། ཀྲུང་གོའི་ཁེ་ལས་དང་བཟོ་པས་སེར་ཝེ་ཡའི་རྨང་གཞིའི་སྒྲིག་ཆས་དང་གྲོང་ཁྱེར་འཛུགས་སྐྲུན་ལ་ལེགས་སྐྱེས་གལ་ཆེན་ཕུལ་བར་ཐུགས་རྗེ་ཆེ་ཞུས། ཝུའུ་ཆི་ཆི་ཡིས་ཀྲུང་གོ་ནི་ཐོག་མཐའ་བར་གསུམ་དུ་རླབས་ཆེན་གྱི་རྒྱལ་ཁབ་ཅིག་རེད། ཉེ་བའི་ལོ་འདི་དག་གི་རིང་ལ། ཀྲུང་གོ་མགྱོགས་མྱུར་ངང་འཕེལ་རྒྱས་བྱུང་བའི་འགྲོས་དང་བསྟུན་ནས། རྒྱལ་ཁབ་ཆེན་པོའི་གོ་གནས་དང་ནུས་པར་བརྩི་འཇོག་ཆེན་པོ་ཐོབ་པ་དང་། ཀྲུང་ཧྭ་མི་རིགས་ཀྱི་རླབས་ཆེན་བསྐྱར་དར་མངོན་འགྱུར་བྱེད་པའི་གནས་སྟངས་ལ་སུས་ཀྱང་འགོག་ཐབས་མེད་ལ། འཕེལ་རིམ་དེའི་ཁྲོད་དུ་ཀྲུའུ་ཞི་ཞི་ཅིན་ཕིང་གི་བློ་གྲོས་ཆེན་པོ་དང་འཐབ་ཇུས་ཀྱི་གཟིགས་རྒྱང་རིང་མོ། འགོ་ཁྲིད་པ་ཕུལ་བྱུང་ཡིན་པ་བཅས་ཀྱི་ཁྱད་ཆོས་ཀྱིས་གཞན་གང་གིས་ཀྱང་ཚབ་བྱེད་ཐབས་བྲལ་བའི་ནུས་པ་གལ་ཆེན་འདོན་སྤེལ་བྱས་ཡོད། ཀྲུང་གོས་རང་ངོས་འཕེལ་རྒྱས་ལ་རྩེ་གཅིག་ཏུ་གཞོལ་བཞིན་པར་མ་ཟད། ད་དུང་སེར་ཝེ་ཡ་སོགས་རྒྱལ་ཁབ་གཞན་དག་མཉམ་དུ་འཕེལ་རྒྱས་འགྲོ་རྒྱུར་རོགས་རམ་བྱེད་ཀྱིན་ཡོད། སེར་ཝེ་ཡ་ཕྱོགས་ཀྱིས་ཀྲུང་གོའི་བར་གྱི་མཉམ་ལས་ལ་མུ་མཐུད་ཤུགས་བསྣན་ནས། རང་སོ་སོའི་རྒྱལ་ཁབ་འཕེལ་རྒྱས་ཀྱི་ཕུགས་འདུན་མངོན་འགྱུར་ཡོང་ཆེད་མཉམ་དུ་འབད་འཐབ་བྱེད་འདོད་ཡོད་ཅེས་བསྟན།
ཞི་ཅིན་ཕིང་གིས་ཀྲུང་གོ་ནི་ལོ་ངོ5000ལྷག་གི་འོད་སྟོང་འཕྲོ་བའི་ཤེས་རིག་ལྡན་པའི་བརྗིད་ཉམས་ཆེ་བའི་རྒྱལ་ཁབ་ཆེན་པོ་ཞིག་ཡིན། ང་ཚོའི་མི་རབས་འདི་དང་རབས་གསར་པའི་ན་གཞོན་ཚང་མས་ཀྲུང་ཧྭ་མི་རིགས་ཀྱི་རླབས་ཆེན་བསྐྱར་དར་མངོན་འགྱུར་ཡོང་ཆེད་འབད་འཐབ་བྱ་རྒྱུའི་སེམས་ཐག་གཙང་བཅད་བྱས་ཡོད། ང་ཚོས་ཀྲུང་ཧྭ་མི་རིགས་བསྐྱར་དར་དོན་གཉེར་བྱེད་ཀྱིན་ཡོད་པར་མ་ཟད། ད་དུང་འཛམ་གླིང་མི་དམངས་ཀྱི་བདེ་སྐྱིད་ཀྱང་དོན་གཉེར་བྱེད་ཀྱིན་ཡོད། རང་ངོས་འཕེལ་རྒྱས་དོན་གཉེར་བྱེད་ཀྱིན་པའི་དུས་མཚུངས་སུ། འཛམ་གླིང་སྟེང་གི་རྒྱལ་ཁབ་གཞན་དག་དང་མཉམ་དུ་ཐུན་མོང་འཕེལ་རྒྱས་ཡོང་བར་ཡང་རྩེ་གཅིག་ཏུ་འབད་འབུངས་བྱེད་ཀྱིན་ཡོད་ལ། བྱེད་ཕྱོགས་དེ་ནི་ངས་བཏོན་པའི་མིའི་རིགས་ཀྱི་ལས་སྐལ་གཅིག་མཐུན་ཚོགས་པ་འཛུགས་རྒྱུའི་ཐོག་མའི་བསམ་འདུན་ཡང་ཡིན། སྟོབས་དང་ལྡན་པའི་ཀྲུང་གོ་ནི་འཛམ་གླིང་གི་འཇིགས་སྐུལ་གཏན་ནས་མིན། ཀྲུང་གོ་ཕྱོགས་ཀྱིས་སེར་ཝེ་ཡ་དང་བཅས་པའི་འཛམ་གླིང་རྒྱལ་ཁབ་སོ་སོའི་བར་གྱི་མཉམ་ལས་ལ་ཤུགས་བསྣན་ནས། ཐུན་མོང་འཕེལ་རྒྱས་དོན་གཉེར་བྱེད་འདོད་ཡོད་ཅེས་གསུངས།
ཝུའུ་ཆི་ཆི་ཡིས་ཀྲུའུ་ཞི་ཞི་ཅིན་ཕིང་གིས་སེར་ཝེ་ཡར་རྒྱལ་དོན་འཚམས་འདྲི་གནང་བར་ཡང་བསྐྱར་ཐུགས་རྗེ་ཆེ་ཞུས་ཏེ། ཕན་ཚུན་འབྲལ་མི་འདོད་པ་ལྟ་བུའི་བརྩེ་སེམས་བསྟན། ཝུའུ་ཆི་ཆི་ཡིས་སེར་ཝེ་ཡ་ཕྱོགས་ཀྱིས་ད་ཐེངས་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གི་འཚམས་འདྲིར་སྣེ་ལེན་བྱེད་ཆེད་སྔར་མེད་དམིགས་བསལ་བཀོད་སྒྲིག་གང་ལེགས་བྱས་ཡོད། ཀྲུའུ་ཞི་ཞི་ཅིན་ཕིང་གིས་སེར་ཝེ་ཡའི་མི་དམངས་ཀྱིས་ཀྲུང་གོ་མི་དམངས་ལ་བཅངས་པའི་མཛའ་བརྩེ་ཟབ་མོ་དང་ལྷག་པར་དུ་ཀྲུའུ་ཞི་ཞི་ཅིན་ཕིང་ལ་བླ་ན་མེད་པའི་གུས་བཀུར་བྱེད་ཀྱིན་པ་ཚོར་ཐུབ་པའི་རེ་བ་ཡོད། ཀྲུང་གོས་སེར་ཝེ་ཡར་རོགས་རམ་གང་ལེགས་བྱས་པར་ཐུགས་རྗེ་ཆེ་ཞུས་པ་ཡིན་ལ། ཀྲུའུ་ཞི་ཞི་ཅིན་ཕིང་གི་ད་ཐེངས་ཀྱི་ལོ་རྒྱུས་རང་བཞིན་གྱི་འཚམས་འདྲི་གོ་སྐབས་སུ་བྱས་ཏེ། སེར་ཝེ་ཡ་དང་ཀྲུང་གོའི་འབྲེལ་བ་མཐོ་ཚད་གསར་པ་ཞིག་ཏུ་འཕེལ་ཐུབ་པའི་རེ་ལྟོས་ཆེ་ཞེས་བསྟན།
ཞི་ཅིན་ཕིང་གིས་ཙུང་ཐུང་ཝུའུ་ཆི་ཆི་དང་ཁོའི་ལྕམ་མོ་གཉིས་ཀྱིས་སྤྲོ་སེམས་འཁོལ་བའི་ངང་སྣེ་ལེན་གཟབ་རྒྱས་གནང་བར་ཐུགས་རྗེ་ཆེ་ཞུས། ཞི་ཅིན་ཕིང་གིས་ངས་ད་ཐེངས་འཚམས་འདྲི་བྱེད་པའི་དུས་ཚོད་ཅུང་ཐུང་ནའང་། ང་ཧ་ཅང་དགའ་ཚོར་སྐྱེས་ཡོད་པ་དང་སེམས་འགུལ་ཐེབས་བྱུང་བས། སླར་ཡང་ང་ལ་བརྗེད་པར་དཀའ་བའི་བག་ཆགས་ཤིག་བཞག་ཡོད། འཚམས་འདྲི་བྱས་པའི་ནང་དོན་ཕུན་སུམ་ཚོགས་པ་དང་དོན་སྙིང་གལ་ཆེན་ལྡན་པའི་དབང་གིས། དེ་བསྟུན་གྱི་གྲུབ་འབྲས་ཆེན་པོ་ཐོབ་ཡོད། ཀྲུང་གོ་དང་སེར་ཝེ་ཡའི་བར་གྱི་མཛའ་མཐུན་འབྲེལ་བར་དམངས་འདོད་ཀྱི་རྨང་གཞི་བརྟན་པོ་ཡོད། ངས་ཙུང་ཐུང་ཝུའུ་ཆི་ཆི་དང་མམཉམ་དུ། མུ་མཐུད་འབྲེལ་གཏུག་དམ་ཟབ་རྒྱུན་འཁྱོངས་དང་མཉམ་དུ་འབད་བརྩོན་བྱས་ནས། ཀྲུང་གོ་དང་སེར་ཝེ་ཡའི་འབྲེལ་བའི་ལེའུ་གསར་པ་བྲིས་ཏེ། ཀྲུང་གོ་དང་སེར་ཝེ་ཡའི་འབྲེལ་བ་དང་དུས་རབས་གསར་པའི་ཀྲུང་གོ་དང་སེར་ཝེ་ཡའི་ལས་སྐལ་གཅིག་མཐུན་ཚོགས་པའི་འཛུགས་སྐྲུན་ལ་གྲུབ་འབྲས་སྔར་ལས་མང་བ་ཐོབ་རྒྱུར་སྣེ་ཁྲིད་གང་ལེགས་བྱས་ནས། རྒྱལ་ཁབ་གཉིས་ཀའི་མི་དམངས་ལ་བདེ་སྐྱིད་བསྐྲུན་རྒྱུར་རེ་ལྟོས་བྱེད་ཀྱིན་ཡོད་ཅེས་གསུངས།
དེའི་རྗེས་ཙུང་ཐུང་ཝུའུ་ཆི་ཆི་བཟའ་ཟླ་གཉིས་ཞི་ཅིན་ཕིང་དང་ཕིན་ལིས་ཡོན་གཉིས་དང་མཉམ་དུ་རླངས་འཁོར་ལ་བསྡད་དེ་གནམ་ཐང་དུ་བསྐྱོད་དེ། སེར་ཝེ་ཡའི་གྲོས་དཔོན་པུའུ་ཨར་ནཱ་པིས་ཆི་དང་ཙུང་ལི་ཝུའུ་ཆེ་ཝེ་ཆི། ཕྱི་འབྲེལ་པུའུ་ཀྲང་ཅིའུ་ལིས་ཆི་སོགས་དང་མཉམ་དུ། གནམ་གྲུ་ཐང་དུ་ཞི་ཅིན་ཕིང་ལ་སྐྱེལ་མ་ཞུས། གནམ་གྲུ་ཐང་དུ་བསྐྱོད་པའི་ལམ་བར་དུ་ས་གནས་དེ་གའི་མང་ཚོགས་དང་ཕྱིར་སྡོད་ཀྲུང་གོ་པས་ལམ་གྱི་གཡས་གཡོན་དུ་ཀྲུང་གོ་དང་སེར་ཝེ་ཡ་རྒྱལ་ཁབ་གཉིས་ཀྱི་རྒྱལ་དར་གཡུག་གཡུག་བྱས་ནས། ཀྲུའུ་ཞི་ཞི་ཅིན་ཕིང་དང་ལྕམ་མོ་ཕིན་ལིས་ཡོན་གྱིས་སེར་ཝེ་ཡར་བདེ་བླག་ངང་འཚམས་འདྲི་གནང་བར་སྤྲོ་སེམས་འཁོལ་བའི་ངང་རྟེན་འབྲེལ་ཞུས།
ཞི་ཅིན་ཕིང་གི་ཆེད་བཏང་གནམ་གྲུ་འཕུར་རྗེས། སེར་ཝེ་ཡ་ཕྱོགས་ཀྱི་མཁའ་དམག་གི་དམག་འཐབ་གནམ་གྲུ་གཉིས་མཁའ་དབྱིངས་སུ་འཕུར་ནས་སྲུང་སྐྱེལ་གནང་།
ཉིན་དེའི་དགོང་མོར། ཞི་ཅིན་ཕིང་ཆེད་བཏང་གནམ་གྲུར་བཞུགས་ནས་སེར་ཝེ་ཡ་ནས་ཞལ་གྱེས་ཏེ་པུའུ་ཏ་ཕེ་སིར་བསྐྱོད་པ་དང་། ཧང་ག་རིའི་ཙུང་ཐུང་ཧྲུའུ་ཡིའུ་ཁི་དང་ཙུང་ལི་ཨོ་ཨར་པན་གྱི་གདན་ཞུས་ལྟར་ཧང་ག་རིར་རྒྱལ་དོན་འཚམས་འདྲི་བྱེད་འགོ་བརྩམས།
བན་དེ་སྐྱབས་ཀྱིས་བསྒྱུར།