ཞི་ཅིན་ཕིང་སེར་ཝེ་ཡའི་ཙུང་ཐུང་ཝུའུ་ཆི་ཆི་ཡིས་བསྡུས་པའི་དགའ་བསུའི་གསོལ་སྟོན་ལ་ཞུགས།
2024.05.09 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 14

 ས་དེའི་དུས་ཚོད་ཟླ5པའི་ཚེས8ཉིན་གྱི་ཉིན་གུང་། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་དང་ལྕམ་མོ་ཕིན་ལིས་ཡོན་སེར་ཝེ་ཡའི་ཙུང་ཐུང་ཝུའུ་ཆི་ཆི་དང་ལྕམ་མོས་པེ་ཨར་ཀི་ལེ་ཏིའི་སེར་ཝེ་ཡའི་ཐོག་ཁང་ཆེན་མོ་རུ་བསྡུས་པའི་དགའ་བསུའི་གསོལ་སྟོན་ལ་ཞུགས།

ཞི་ཅིན་ཕིང་གིས་བསྟན་དོན།  སེར་ཝེ་ཡ་ནི“ཤར་ཕྱོགས་ཀྱི་ནུབ་ཕྱོགས་དང་ནུབ་ཕྱོགས་ཀྱི་ཤར་ཕྱོགས”སུ་གནས་པ་དང་།   གནའ་ནས“པར་ཀན་གྱི་ལྡེ་མིག”ཅེས་པའི་མཚན་སྙན་ལོངས་སུ་སྤྱོད་བཞིན་ཡོད། ལོ་ངོ་བརྒྱ་སྟོང་གི་རིང་ལ། ཡོ་རོབ་དང་ཨེ་ཤ་ཡའི་སྐམ་ས་ཆེན་མོའི་སྣེ་མང་དཔལ་ཡོན་དེ་འདི་ནས་མཉམ་འདྲེས་བྱུང་སྟེ། སེར་ཝེ་ཡའི་མི་རིགས་ལས་ལ་བརྩོན་ཞིང་བྱམས་སེམས་ལྡན་ལ་བློ་བརྟན་འགྱུར་མེད་ཀྱི་གཤིས་རྒྱུད་སྐྱེད་སྲིང་བྱས་ཡོད།  དེང་སྐབས་ཙུང་ཐུང་ཝུའུ་ཆི་ཆི་ཡི་སྣེ་ཁྲིད་འོག  སེར་ཝེ་ཡ་སྲིད་གཞུང་དང་མི་དམངས་ཀྱིས་སྙིང་སྟོབས་ཆེན་པོས་ཡར་རྒྱས་བརྩོན་ལེན་བྱས་ཏེ། དཔལ་འབྱོར་དང་སྤྱི་ཚོགས་འཛུགས་སྐྲུན་དང་དམངས་འཚོ་ལེགས་བཅོས་སོགས་ཁྱབ་ཁོངས་སུ་གྲུབ་འབྲས་ཆེན་པོ་བླངས་ཤིང་། མི་རིགས་ཀྱི་རང་རློམ་དང་སྤོབས་སེམས་རྒྱུན་ཆད་མེད་པར་ཇེ་མཐོར་སོང་ནས། རྒྱལ་ཁབ་འཕེལ་རྒྱས་དང་མི་རིགས་དར་རྒྱས་ཡོང་བར་འོད་སྟོང་འབར་བའི་མདུན་ལམ་རྒྱ་ཆེན་པོ་བསུས་ཡོད།

ཞི་ཅིན་ཕིང་གིས་ནན་གྱིས་བསྟན་དོན།  ཀྲུང་གོའི་མི་དམངས་ཀྱིས་སྔར་ནས་སེར་ཝེ་ཡར་བརྩེ་བ་ཟབ་མོ་བཅངས་ཡོད་ལ།  ནན་སི་ལཱ་ཧྥུའི་གློག་བརྙན《ཟམ་པ》དང་།  གླུ་གཞས《གྲོགས་པོ་ལགས་རྗེས་སུ་མཇལ་ཡོང》ཞེས་པ་དེ་ཀྲུང་གོར་དར་ཁྱབ་ཆེན་པོ་བྱུང་ཡོད་ལ།  མི་རྣམས་ཀྱི་རྒྱལ་གཅེས་རིང་ལུགས་ཀྱི་བརྩེ་སེམས་དང་ཧྥ་ཞིས་སིར་ངོ་རྒོལ་བྱེད་པའི་སྙིང་སྟོབས་ཀྱིས་ཀྱང་ང་དང་མཉམ་དུ་གཞོན་ནུའི་དུས་སྐབས་བསྐྱལ་ཡོད། ཏི་ཡུའེ་ཁི་ཝེ་ཆི་དང་། ཡོ་ཅིས་ཆི། ཁུའུ་སི་ཐུའུ་ལིས་ཁྲ་སོགས་སེར་ཝེ་ཡའི་ལུས་རྩལ་ལས་རིགས་དང་རིག་གནས་ལས་རིགས་ཀྱི་མི་སྣ་གྲགས་ཅན་དག་ཀྲུང་གོར་མིང་དུ་གྲགས་ཡོད། ཉེ་བའི་ལོ་ཤས་རིང་། ཀྲུང་གོ་དང་སེར་ཝེ་ཡས་སྤུས་ཚད་མཐོ་བའི་མཉམ་སྐྲུན་གྱི“རྒྱུད་གཅིག་ལམ་གཅིག”གི་སྒུལ་ཤུགས་ཆེ་ཞིང་གྲུབ་འབྲས་གཡུར་དུ་ཟ་བ་ཐོབ་ནས། མིའི་རིགས་ཀྱི་ལས་དབང་གཅིག་མཐུན་ཚོགས་པ་འཛུགས་པའི་ལག་ལེན་གསོན་ཉམས་ལྡན་པ་ཞིག་ཏུ་གྱུར་ཡོད།

ཞི་ཅིན་ཕིང་གིས་བསྟན་དོན།  སྔོན་ཏག་ཏག་ལ་ང་དང་ཙུང་ཐུང་ཝུའུ་ཆི་ཆི་གཉིས་ཀྱིས་ཕྱོགས་ཡོངས་དང་གཏིང་ཟབ་པའི་གྲོས་མོལ་བྱས་ནས། ངོས་འཛིན་གཅིག་མཐུན་གལ་ཆེན་མང་པོ་བྱུང་ཡོད། ང་ཚོས་མཉམ་གཅིག་ཏུ་མཉམ་འབྲེལ་གསལ་བསྒྲགས་ལ་མིང་རྟགས་བཀོད་དེ། དུས་རབས་གསར་པའི་ཀྲུང་གོ་དང་སེར་ཝེ་ཡའི་ལས་དབང་གཅིག་མཐུན་ཚོགས་པ་འཛུགས་རྒྱུ་ཁྱབ་བསྒྲགས་བྱས་ནས།  ཀྲུང་གོ་དང་སེར་ཝེ་ཡ་བར་གྱི་འབྲེལ་བའི་རླབས་ཆེན་གྱི་ལོ་རྒྱུས་མཆོང་སྐྱོད་མངོན་འགྱུར་བྱས་ཡོད། ད་ལྟ། ཀྲུང་གོ་དང་སེར་ཝེ་ཡ་བར་གྱི་འབྲེལ་བ་དེ་འགོ་ཚུགས་ས་གསར་པ་ཞིག་ཏུ་གནས་ཡོད་པ་དང་། རིན་ཐང་བྲལ་བའི་གོ་སྐབས་དང་འོད་སྟོང་འབར་བའི་མདུན་ལྗོངས་མདུན་དུ་ལྷགས་ཡོད།  ཀྲུང་གོ་ཕྱོགས་ཀྱིས་མཛའ་མཐུན་གྱི་སེར་ཝེ་ཡའི་མི་དམངས་དང་མཉམ་དུ་འབད་བརྩོན་བྱས་ཏེ། དུས་རབས་གསར་པའི་ཀྲུང་གོ་དང་སེར་ཝེ་ཡའི་ལས་དབང་གཅིག་མཐུན་ཚོགས་པ་འཛུགས་པར་རྒྱུན་ཆད་མེད་པར་འབད་འཐབ་བྱེད་འདོད་ཡོད།

ཚའེ་ཆི་དང་ཝང་དབྱི་སོགས་གསོལ་སྟོན་ལ་ཞུགས།

ཡིག་སྒྱུར་བ། སྒྲོལ་མ་སྐྱིད།