ཞི་ཅིན་ཕིང་གིས་སེར་ཝེ་ཡའི་ཙུང་ཐུང་ཝུའུ་ཆི་ཆི་དང་གྲོས་མོལ་གནང་།
2024.05.09 ཁུངས། ཀློག་གྲངས། 92


ས་དེའི་དུས་ཚོད་ཟླ5པའི་ཚེས8ཉིན་གྱི་སྔ་དྲོར། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་པེ་ཨར་ཀི་ལའེ་ཏིའི་སེར་ཝེ་ཡའི་ཐོགཁང་ཆེན་མོ་རུ། སེར་ཝེ་ཡའི་ཙུང་ཐུང་ཝུའུ་ཆི་ཆི་དང་གྲོས་མོལ་གནང་། 

ས་དེའི་དུས་ཚོད་ཟླ5པའི་ཚེས8ཉིན་གྱི་སྔ་དྲོར། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་པེ་ཨར་ཀི་ལའེ་ཏིའི་སེར་ཝེ་ཡའི་ཐོག་ཁང་ཆེན་མོ་རུ། སེར་ཝེ་ཡའི་ཙུང་ཐུང་ཝུའུ་ཆི་ཆི་དང་གྲོས་མོལ་གནང་། 

རྒྱལ་ཁབ་གཉིས་ཀའི་གཙོ་འཛིན་གྱིས་ཀྲུང་གོ་དང་སེར་ཝེ་ཡའི་ཕྱོགས་ཡོངས་ཀྱི་འཐབ་ཇུས་རོགས་རེས་འབྲེལ་བ་སྔར་ལས་གཏིང་ཟབ་དང་མཐོར་འདེགས་སུ་བཏང་ནས། དུས་རབས་གསར་པའི་ཀྲུང་གོ་དང་སེར་ཝེ་ཡའི་ལས་སྐལ་གཅིག་མཐུན་ཚོགས་པ་འཛུགས་རྒྱུ་ཁྱབ་སྒྲོག་གནང་།

ཟླ5པའི་པེ་ཨར་ཀི་ལའེ་ཏི་རུ་ཉི་འོད་རབ་ཏུ་འཕྲོ། སེར་ཝེ་ཡའི་ཐོག་ཁང་ཆེན་མོའི་མདུན་དུ། ཀྲུང་གོ་དང་སེར་ཝེ་ཡའི་རྒྱལ་ཁབ་གཉིས་ཀྱི་རྒྱལ་དར་རླུང་བུའི་འགྲོས་དང་བསྟུན་ནས་ལྷབ་ལྷུབ་ཏུ་སྐྱོད་བཞིན་ཡོད་ཅིང་། གཟབ་སྦྲེང་རུ་ཁག་བརྗིད་ཉམས་ཀྱིས་འགྱིང་ཡོད། ཞི་ཅིན་ཕིང་དང་ལྕམ་མོ་ཕིན་ལིས་ཡོན་རླངས་འཁོར་དུ་བཞུགས་ནས་དམིགས་སར་འབྱོར་སྐབས། སེར་ཝེ་ཡའི་ཙུང་ཐུང་ཝུའུ་ཆི་ཆི་དང་ལྕམ་མོ་ཐཱ་མ་ལཱ་རླངས་འཁོར་ལས་བུད་དེ་སྤྲོ་སེམས་འཁོལ་བའི་ངང་དགའ་བསུ་ཞུས།

ཝུའུ་ཆི་ཆི་ཡིས་ཞི་ཅིན་ཕིང་ལ་དགའ་བསུའི་མཛད་སྒོ་གཟབ་རྒྱས་བསྡུས། དགའ་བསུའི་མཛད་སྒོའི་རྗེས་སུ། རྒྱལ་ཁབ་གཉིས་ཀྱི་གཙོ་འཛིན་གྱིས་སོ་སོར་ཁྱབ་ཁོངས་ཆུང་ངུའི་མཇལ་འཕྲད་དང་ཁྱབ་ཁོངས་ཆེ་བའི་གྲོས་མོལ་གནང་འགོ་བརྩམས།

ཞི་ཅིན་ཕིང་གིས་གསུངས་རྒྱུར། ཙུང་ཐུང་ཝུའུ་ཆི་ཆི་ཡིས་གདན་ཞུ་ཐེངས་མང་བྱས་པ་ལྟར། ལོ་ངོ་བརྒྱད་འདས་རྗེས་ངས་ཡང་བསྐྱར་མཛེས་སྡུག་ལྡན་པའི་སེར་ཝེ་ཡར་འཚམས་འདྲི་བྱས་པར་ང་རང་ངོས་ནས་དགའ་ཚོར་ཆེན་པོ་སྐྱེས། ཙུང་ཐུང་ཝུའུ་ཆི་ཆི་ཡིས་སྲིད་གཞུང་གི་མཐོ་རིམ་དཔོན་རིགས་གལ་ཆེན་མང་པོ་ཁྲིད་དེ་གནམ་གྲུ་ཐང་དུ་བསུ་མ་ཞུ་རུ་ཕེབས་པ་དང་། ལྷག་པར་དུ་ང་ལ་དགའ་བསུའི་མཛད་སྒོ་གཟབ་རྒྱས་བསྡུས་པས། ང་སེམས་འགུལ་ཆེན་པོ་ཐེབས་བྱུང་། སེར་ཝེ་ཡའི་མི་དམངས་ནི་ཀྲུང་གོ་མི་དམངས་ཀྱི་གྲོགས་པོ་བཟང་བོ་ཡིན་ལ། ཀྲུང་གོར་མཛའ་བརྩེ་ཟབ་མོ་ལྡན་པ་ཚོར་བྱུང་།

ཞི་ཅིན་ཕིང་གིས་ཀྲུང་གོ་དང་སེར་ཝེ་ཡའི་བར་གྱི་མཛའ་མཐུན་འབྲེལ་བས་རྒྱལ་སྤྱིའི་འགྱུར་ལྡོག་གི་ཚོད་བགམ་སྣ་མང་ཐེག་ཡོད་པའི་དབང་གིས། དེར་ལོ་རྒྱུས་ཀྱི་རྨང་རྐང་བརྟན་པོ་དང་ཆབ་སྲིད་ཀྱི་རྨང་གཞི་བརྟན་པོ། རྒྱ་ཁྱབ་དང་ཐུན་མོང་གི་ཁེ་ཕན་བརྟན་པོ་བཅས་ལྡན། ཉེ་བའི་ལོ་འདི་དག་གི་རིང་ལ། ང་དང་སྐུ་ཞབས་ཙུང་ཐུང་གིས་རྒྱལ་ཁབ་གཉིས་ཀྱི་འབྲེལ་བར་མཆོང་སྐྱོད་ལྟ་བུའི་འཕེལ་རྒྱས་ཡོང་བར་སྣེ་ཁྲིད་གང་ལེགས་བྱས་ནས། ལོ་རྒྱུས་རང་བཞིན་གྱི་གྲུབ་འབྲས་བླངས་ཡོད། ལྷག་པར་དུ2016ལོར་ཀྲུང་གོ་དང་སེར་ཝེ་ཡའི་བར་ཕྱོགས་ཡོངས་ཀྱི་འཐབ་ཇུས་རོགས་རེས་འབྲེལ་བ་བཙུགས་པ་ནས་བཟུང་། ཕྱོགས་གཉིས་ཀའི་འབྲེལ་བའི་ནང་དོན་སྔར་ལས་ཕུན་སུམ་ཇེ་ཚོགས་སུ་ཕྱིན་པ་དང་ཁྱབ་རྒྱ་སྔར་ལས་ཇེ་ཆེར་སོང་ནས། ཀྲུང་གོ་དང་ཡོ་རོབ་རྒྱལ་ཁབ་བར་གྱི་མཛའ་མཐུན་འབྲེལ་བའི་དཔེ་མཚོན་ཞིག་ཏུ་གྱུར་ཡོད། སྤྱོད་པ་ནི་སྐད་ཆ་ལས་ལེགས། ཀྲུང་གོ་ཕྱོགས་ཀྱིས་སེར་ཝེ་ཡ་དང་མཉམ་དུ་མུ་མཐུད་ཕྱར་བ་གྲུ་འདེགས་དང་སྐྱིད་སྡུག་མཉམ་མྱོང་བྱས་ཏེ་བརྩེ་བ་བརྟན་པོ་རྒྱུན་འཁྱོངས་དང་འཕེལ་རྒྱས་སུ་གཏོང་བ་དང་། རྒྱལ་ཁབ་གཉིས་ཀའི་རྩ་བ་དང་ཕུགས་ཀྱི་ཁེ་ཕན་ལ་མཉམ་དུ་སྲུང་སྐྱོབ་བྱེད་པ། དཔུང་པ་མཉམ་གཤིབ་སྒོས་རང་སོ་སོའི་རྒྱལ་ཁབ་འཕེལ་རྒྱས་དང་མི་རིགས་དར་རྒྱས་གང་ལེགས་གཏོང་བ། མཉམ་དུ་ལག་གདང་སྦྲེལ་ནས་དུས་རབས་གསར་པའི་ཀྲུང་གོ་དང་སེར་ཝེ་ཡའི་ལས་སྐལ་གཅིག་མཐུན་ཚོགས་པ་འཛུགས་རྒྱུར་སྐུལ་འདེད་གཏོང་བ་བཅས་བྱེད་འདོད་ཡོད་ཅེས་ནན་གྱིས་གསུངས།

ཞི་ཅིན་ཕིང་གིས་སེར་ཝེ་ཡ་ནི་ཡོ་རོབ་དབུས་ཤར་ས་ཁུལ་གྱི་ཀྲུང་གོའི་ཁྱོན་ཡོངས་ཀྱི་འཐབ་ཇུས་ཟླ་གྲོགས་ཐོག་མ་ཡིན། ཕྱོགས་གཉིས་ཀའི་མཉམ་ལས་ཀྱིས་རང་སོ་སོ་འཕེལ་རྒྱས་དང་དར་རྒྱས་གཏོང་རྒྱུར་སྒུལ་ཤུགས་ཆེན་པོ་བསྣན་ནས། རྒྱལ་ཁབ་གཉིས་ཀའི་མི་དམངས་ལ་མིག་མཐོང་ལག་ཟིན་གྱི་ཕན་ཁེ་བསྐྲུན་ཡོད། གནས་བབ་གསར་པའི་འོག་ཏུ། སེར་ཝེ་ཡ་ནི་ཀྲུང་གོ་དང་མཉམ་དུ་ལས་སྐལ་གཅིག་མཐུན་ཚོགས་པ་འཛུགས་པའི་ཡོ་རོབ་ཀྱི་རྒྱལ་ཁབ་ཐོག་མ་རུ་གྱུར་པ་དེའི་སྟེང་ནས། ཀྲུང་གོ་དང་སེར་ཝེ་ཡའི་འབྲེལ་བའི་འཐབ་ཇུས་རང་བཞིན་དང་དམིགས་བསལ་རང་བཞིན། ཆུ་ཚད་མཐོ་བ་བཅས་གང་ལེགས་སྒོས་མཚོན་ཐུབ། དུས་རབས་གསར་པའི་ཀྲུང་གོ་དང་སེར་ཝེ་ཡའི་ལས་སྐལ་གཅིག་མཐུན་ཚོགས་པ་ནི་ཀྲུང་གོ་དང་སེར་ཝེ་ཡའི་མཛའ་བརྩེ་བརྟན་པོ་སྔར་ལས་ཇེ་དམ་དུ་བཏང་བ་ཞིག་ཡིན་ལ། ཕྱོགས་གཉིས་ཀའི་ཐུན་མོང་གི་རིན་ཐང་འདུ་ཤེས་དང་འཚོལ་སྙེག་དམིགས་འབེན་ཡང་མཚོན་ཐུབ། ཐུན་མོང་འཕེལ་རྒྱས་འགྲོ་བར་མཉམ་ཇུས་འགོད་པ་དང་མཉམ་ལས་གཉིས་རྒྱལ། ཕན་ཚུན་བར་རྒྱབ་སྐྱོར་བཅས་བྱེད་དགོས་ལ། དེ་ནི་ཀྲུང་གོ་དང་སེར་ཝེ་ཡ་རྒྱལ་ཁབ་གཉིས་དང་དེ་བཞིན་འཛམ་གླིང་འདིའི་སྟེང་གི་རང་བཙན་རང་བདག་རྒྱུན་འཁྱོངས་དང་ཞི་བདེ་དང་འཕེལ་རྒྱས་དོན་གཉེར་བྱེད་ཀྱིན་པའི་རྒྱལ་ཁབ་ཚང་མའི་ཐུན་མོང་གི་འདུན་པའང་ཡིན། ཕྱོགས་གཉིས་ཀས་དུས་རབས་གསར་པའི་ཀྲུང་གོ་དང་སེར་ཝེ་ཡའི་ལས་སྐལ་གཅིག་མཐུན་ཚོགས་པ་བསྐྲུན་ནས། སྤུས་ཚད་མཐོ་བའི་སྒོ་ནས“རྒྱུད་གཅིག་ལམ་གཅིག”མཉམ་སྐྲུན་བྱེད་རྒྱུ་དང་། ཀྲུང་གོ་དང་ཡོ་རོབ་དབུས་ཤར་རྒྱལ་ཁབ་བར་གྱི་མཉམ་ལས་རྒྱུན་ཆད་མེད་པར་ཟབ་སྤེལ་བྱས་ནས། རྒྱལ་ཁབ་གཉིས་ཀས་སོ་སོའི་དེང་རབས་ཅན་གྱི་འཕེལ་རིམ་ལ་རོགས་རམ་གང་ལེགས་བྱེད་དགོས། གཅིག་ནས་རྒྱལ་ཁབ་གཉིས་ཀའི་འབྲེལ་བའི་འཐབ་ཇུས་རང་བཞིན་སྔར་ལས་མངོན་གསལ་ཅན་དུ་བཏང་ནས། ཕྱོགས་གཉིས་ཀའི་འབྲེལ་བའི་ཁ་ཕྱོགས་ཆེན་པོ་ཁོང་དུ་ཆུད་པར་འབད་དགོས། གཉིས་ནས་རྒྱལ་ཁབ་གཉིས་ཀའི་མཉམ་ལས་ཀྱི་དངོས་གཉེར་རང་བཞིན་རྒྱུན་འཁྱོངས་བྱས་ནས། རྒྱལ་ཁབ་གཉིས་ཀའི་མི་དམངས་ཀྱི་བདེ་སྐྱིད་མཐའ་གཅིག་ཏུ་དོན་གཉེར་བྱེད་དགོས། གསུམ་ནས་རྒྱལ་ཁབ་གཉིས་ཀའི་འབྲེལ་བའི་གསར་གཏོད་རང་བཞིན་དར་སྤེལ་བཏང་ནས། མཉམ་ལས་ཀྱི་མདུན་ལམ་གསར་སྐྲུན་བྱས་ཏེ། གསར་གཏོད་མཉམ་ལས་དེ་ཕྱོགས་གཉིས་ཀའི་འབྲེལ་བའི་འཕར་གཞི་གསར་པ་ཞིག་ཏུ་འགྱུར་བར་འབད་དགོས་ཞེས་ནན་གྱིས་གསུངས།

ཝུའུ་ཆི་ཆི་ཡིས་ཀྲུའུ་ཞི་ཞི་ཅིན་ཕིང་ལ་སྤྲོ་སེམས་འཁོལ་བའི་ངང་དགའ་བསུ་ཞུས་ཏེ། སེར་ཝེ་ཡ་ཕྱོགས་ཀྱིས་ཐའེ་ཝན་སོགས་ཁེ་ཕན་གཙོ་བོའི་གནད་དོན་ཐད་ཀྱི་ཀྲུང་གོའི་ལུགས་མཐུན་ལངས་ཕྱོགས་ལ་རྒྱབ་སྐྱོར་མཐའ་གཅིག་ཏུ་བྱེད་རྒྱུ་ཡིན། འཛམ་གླིང་འདིའི་སྟེང་ཀྲུང་གོ་གཅིག་ལས་མེད་པས། སེར་ཝེ་ཡ་ཕྱོགས་ཀྱིས་མུ་མཐུད་ཐེ་ཚོམ་སྤུ་ཙམ་ཡང་མེད་པ་དང་གཡོ་འགུལ་སྤུ་ཙམ་ཡང་མེད་པའི་སྒོ་ནས་ཀྲུང་གོར་རྒྱབ་སྐྱོར་བརྟན་པོ་བྱེད་རྒྱུ་ཡིན་ཞེས་བསྟན།

གྲོས་མོལ་གནང་ཚར་རྗེས། རྒྱལ་ཁབ་གཉིས་ཀའི་གཙོ་འཛིན་གྱིས《ཀྲུང་གོ་དང་སེར་ཝེ་ཡའི་ཕྱོགས་ཡོངས་ཀྱི་འཐབ་ཇུས་རོགས་རེས་འབྲེལ་བ་ཟབ་སྤེལ་གཏོང་བ་དང་དུས་རབས་གསར་པའི་ཀྲུང་གོ་དང་སེར་ཝེ་ཡའི་ལས་སྐལ་གཅིག་མཐུན་ཚོགས་པ་འཛུགས་རྒྱུའི་སྐོར་གྱི་མཉམ་འབྲེལ་གསལ་བསྒྲགས》སྟེང་མཚན་བཀོད་པར་མ་ཟད། “རྒྱུད་གཅིག་ལམ་གཅིག”མཉམ་སྐྲུན་དང་ལྗང་མདོག་འཕེལ་རྒྱས། གཞི་གྲངས་དཔལ་འབྱོར། གློག་རྡུལ་ཚོང་དོན། རྨང་གཞིའི་སྒྲིག་ཆས། དཔལ་འབྱོར་ལག་རྩལ། ཆ་འཕྲིན་འཕྲིན་གཏོང་། ཞིང་ལས་ཟས་རིགས། སྨྱན་བྱད་སོགས་ཁྱབ་ཁོངས་ཀྱི་ཕྱོགས་གཉིས་ཀའི་མཉམ་ལས་ཡིག་ཆ་མང་པོ་བརྗེ་རེས་བྱས་པར་མཉམ་དུ་བདེན་དཔང་གནང་།

རྒྱལ་ཁབ་གཉིས་ཀའི་གཙོ་འཛིན་གྱིས་ད་དུང་མཉམ་དུ་གསར་འགོད་པར་མཇལ་འཕྲད་གནང་།

ཉིན་དེའི་ཉིན་གུང་གི་སྐབས་སུ། ཝུའུ་ཆི་ཆི་དང་ལྕམ་མོ་ཐཱ་མ་ལཱ་ཡིས་སེར་ཝེ་ཡའི་ཐོག་ཁང་ཆེན་མོ་རུ་ཞི་ཅིན་ཕིང་དང་ཕིན་ལིས་ཡོན་ལ་སྣེ་ལེན་གསོལ་སྟོན་གཟབ་རྒྱས་བཤམས།

ཚའེ་ཆི་དང་ཝང་དབྱི་སོགས་གོང་གསལ་བྱེད་སྒོར་ཞུགས།

བན་དེ་སྐྱབས་ཀྱིས་བསྒྱུར།