ས་དེའི་དུས་ཚོད་ཟླ5པའི་ཚེས9ཉིན་གྱི་སྔ་དྲོར། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་པུའུ་ཏ་ཕེ་སིའི་ཙུང་ཐུང་བཞུགས་ཤག་ཏུ་ཧང་ག་རིའི་ཙུང་ཐུང་ཧྲུའུ་ཡིའུ་ཁི་དང་གྲོས་མོལ་གནང་།
ས་དེའི་དུས་ཚོད་ཟླ5པའི་ཚེས9ཉིན་གྱི་སྔ་དྲོར། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་པུའུ་ཏ་ཕེ་སིའི་ཙུང་ཐུང་བཞུགས་ཤག་ཏུ་ཧང་ག་རིའི་ཙུང་ཐུང་ཧྲུའུ་ཡིའུ་ཁི་དང་གྲོས་མོལ་གནང་།
ཞི་ཅིན་ཕིང་གིས་ཧང་ག་རི་ནི་ཀྲུང་གོ་གསར་པ་ཁས་ལེན་བྱེད་སྔ་བའི་རྒྱལ་ཁབ་གྲས་ཡིན། རྒྱལ་ཁབ་གཉིས་བར་འབྲེལ་བ་བཙུགས་པའི་ཚུན་ལ། ཀྲུང་གོ་དང་ཧང་ག་རི་རྒྱལ་ཁབ་གཉིས་ཀས་ཐོག་མཐའ་བར་གསུམ་དུ་ཕན་ཚུན་བརྩི་འཇོག་དང་འདྲ་མཉམ་གྱི་ལྟ་སྟངས་འཛིན་པ། གཉིས་ཕན་གཉིས་རྒྱལ་བཅས་བྱས་ནས། རྒྱལ་ཁབ་གཉིས་ཀའི་འབྲེལ་བས་རྒྱལ་སྤྱིའི་འགྱུར་ལྡོག་གི་ཚོད་བགམ་ཐེག་ཐུབ་པ་བྱུང་བ་དང་། སྔར་གྱི་སྐམ་ས་ཆེན་མོ་ལས་བརྒལ་བའི་གྲོགས་པོ་དང་མཛའ་མཐུན་མཉམ་ལས་ཟླ་གྲོགས་ནས། ད་ལྟའི་ཕྱོགས་ཡོངས་འཐབ་ཇུས་རོགས་རེས་འབྲེལ་བའི་བར་རྒྱུན་མཐུད་དང་འཕེལ་རྒྱས་ཆེན་པོ་བྱུང་ཡོད། མིག་སྔར་རྒྱལ་ཁབ་གཉིས་ཀའི་འབྲེལ་བ་ལོ་རྒྱུས་ཀྱི་དུས་སྐབས་ཆེས་ཡག་ཤོས་སུ་སླེབས་ཡོད་པ་དང་། སྲོལ་རྒྱུན་མཛའ་མཐུན་མི་སེམས་ཀྱི་ཟབ་སར་ཟུག་ཐུབ་པ་བྱུང་སྟེ། ཁྱབ་ཁོངས་སོ་སོའི་མཉམ་ལས་ལ་གྲུབ་འབྲས་གཡུར་དུ་ཟ་བ་ཐོབ་ཡོད། ད་ལོ་ནི་རྒྱལ་ཁབ་གཉིས་བར་འབྲེལ་བ་བཙུགས་ནས་ལོ75འཁོར་བའི་ལོ་ཡིན་པས། ཀྲུང་གོ་ཕྱོགས་ཀྱིས་ཧང་ག་རི་ཕྱོགས་དང་མཉམ་དུ། སྲོལ་རྒྱུན་མཛའ་མཐུན་རྒྱུན་མཐུད་དང་ཆབ་སྲིད་ཐད་ཕན་ཚུན་ཡིད་ཆེས་ཇེ་བརྟན་དུ་གཏོང་བ། གཉིས་ཕན་མཉམ་ལས་ལ་ཤུགས་སྣོན་པ་བཅས་བྱས་ནས། རྒྱལ་ཁབ་གཉིས་བར་གྱི་འབྲེལ་བ་རྒྱུན་ཆད་མེད་པར་ཆུ་ཚད་སྔར་ལས་མཐོ་བའི་ཕྱོགས་སུ་འཕེལ་རྒྱུར་སྣེ་ཁྲིད་བྱེད་འདོད་ཡོད་ཅེས་གསུངས།
ཞི་ཅིན་ཕིང་གིས་འདས་ཟིན་པའི་ལོ75རིང་ལ། ཀྲུང་གོ་དང་ཧང་ག་རིའི་འབྲེལ་བས་འཕེལ་རྒྱས་བརྟན་པོ་རྒྱུན་འཁྱོངས་ཐུབ་ཡོད། ཕྱོགས་གཉིས་ཀས་ཉམས་མྱོང་རྩ་ཆེན་ལ་ཕྱོགས་སྡོམ་བྱས་ནས་འབྱུང་འགྱུར་གྱི་ལམ་བུ་གསལ་སྟོན་བྱེད་དགོས། གཅིག་ནས་འདྲ་མཉམ་གྱི་ལྟ་སྟངས་རྒྱུན་འཁྱོངས་བྱས་ནས། རང་རྒྱལ་ཁབ་ཀྱི་གནས་ཚུལ་དང་མཐུན་པའི་འཕེལ་རྒྱས་ཀྱི་བགྲོད་ལམ་སྟེང་དངོས་སུ་བསྐྱོད་དེ། སོ་སོའི་མདུན་ལམ་དང་ལས་དབང་རང་ཉིད་ཀྱི་ལག་ཏུ་དམ་པོར་འཛིན་དགོས། ཀྲུང་གོ་དང་ཧང་ག་རིའི་མི་རབས་ནས་མི་རབས་བར་གྱི་མཛའ་མཐུན་ནི་ཕྱོགས་གསུམ་པར་དམིགས་པ་ཞིག་མིན་ལ། དེར་ཕྱོགས་གསུམ་པའི་ཚོད་འཛིན་ཐེབས་པ་ཞིག་ཀྱང་གཏན་ནས་མིན། གཉིས་ནས་ཕན་ཚུན་ཡིད་ཆེས་དང་རོགས་རེས་བྱ་རྒྱུ་རྒྱུན་འཁྱོངས་བྱས་ནས། ཐོག་མཐའ་བར་གསུམ་དུ་ཕན་ཚུན་བསམ་ཤེས་དང་། ཕན་ཚུན་གྱི་བདག་དབང་དང་བདེ་འཇགས། འཕེལ་རྒྱས་བཅས་ཀྱི་ཁེ་ཕན་ལ་སྲུང་སྐྱོང་བྱེད་པར་རྒྱབ་སྐྱོར་བརྟན་པོ་བྱེད་དགོས། གསུམ་ནས་མཉམ་ལས་གཉིས་ཕན་རྒྱུན་འཁྱོངས་བྱས་ནས། “རྒྱུད་གཅིག་ལམ་གཅིག”མཉམ་སྐྲུན་བྱེད་པའི་སྒྲོམ་གཞིའི་འོག་ཏུ། ཁྱབ་ཁོངས་སོ་སོའི་མཉམ་ལས་རྒྱ་སྐྱེད་གཏོང་རྒྱུ་དང་། རང་སོ་སོའི་འཕེལ་རྒྱས་འཐབ་ཇུས་འབྲེལ་མཐུད་ལ་སྐུལ་འདེད་གཏོང་དགོས། བཞི་ནས་དྲང་གཞག་དྲང་བདེན་རྒྱུན་འཁྱོངས་བྱས་ནས་ལོ་རྒྱུས་ཀྱི་ཡང་དག་པའི་ཕྱོགས་སུ་ལངས་ཏེ། མིའི་རིགས་ཀྱི་ཞི་བདེ་དང་འཕེལ་རྒྱས་ཀྱི་བྱ་གཞག་ལ་ལེགས་སྐྱེས་གང་ལེགས་འབུལ་དགོས་ཞེས་ནན་གྱིས་གསུངས།
ཞི་ཅིན་ཕིང་གིས་ཀྲུང་གོས་ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་ལ་བརྟེན་ནས་སྟོབས་ལྡན་རྒྱལ་ཁབ་འཛུགས་སྐྲུན་དང་མི་རིགས་བསྐྱར་དར་གྱི་རླབས་ཆེན་བྱ་གཞག་ལ་ཁྱོན་ཡོངས་ནས་སྐུལ་འདེད་གཏོང་བཞིན་ཡོད་པ་དེས་འཛམ་གླིང་ལ་གོ་སྐབས་ཧ་ཅང་ཆེན་པོ་སྟེར་ངེས་ཡིན། ཀྲུང་གོ་ཕྱོགས་ཀྱིས་ཧང་ག་རིའི་གྲོགས་པོ་ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་གྱི་འཕེལ་རྒྱས་མྱུར་འཁོར་སྟེང་འདུག་རྒྱུར་དགའ་བསུ་ཞུ་རྒྱུ་ཡིན་ལ། ཧང་ག་རི་ཕྱོགས་དང་ཆབ་སྲིད་ཐད་ཕན་ཚུན་ཡིད་ཆེས་མུ་མཐུད་ཇེ་བརྟན་དུ་གཏོང་བ་དང་། ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་དང་ཧང་ག་རིའི“ཤར་ཕྱོགས་སུ་སྒོ་འབྱེད་པའི”འཐབ་ཇུས་སྔར་ལས་འབྲེལ་མཐུད་དམ་ཟབ་བྱ་རྒྱུར་སྐུལ་འདེད་གཏོང་བ། དངོས་སྒྲུབ་མཉམ་ལས་ཀྱི་སྦས་ཤུགས་སྔོག་འདོན་གང་ལེགས་བྱས་ནས། ཁྱབ་ཁོངས་སོ་སོའི་བརྗེ་རེས་མུ་མཐུད་རྒྱ་སྐྱེད་གཏོང་འདོད་ཡོད། ཀྲུང་གོ་ཕྱོགས་ཀྱིས་ཧང་ག་རི་ཕྱོགས་དང་མཉམ་དུ། “རྒྱུད་གཅིག་ལམ་གཅིག”གི་མཉམ་ལས་དང་ཀྲུང་གོ་དང་ཡོ་རོབ་དབུས་ཤར་རྒྱལ་ཁབ་བར་གྱི་མཉམ་ལས་ཀྱི་ཡང་དག་པའི་ཁ་ཕྱོགས་ལ་མུ་མཐུད་སྣེ་ཁྲིད་གང་ལེགས་བྱས་ནས། མཉམ་ལས་ཟབ་སྤེལ་དང་དོན་དངོས་ཕྱོགས་སུ་འཕེལ་བར་སྐུལ་འདེད་གཏོང་འདོད་ཡོད། ཧང་ག་རི་ཕྱོགས་ཀྱིས་ད་ལོའི་ལོ་སྨད་དུ་ཡོ་རོབ་མནའ་འབྲེལ་གྱི་རེས་འཁོར་ཀྲུའུ་ཞིའི་རྒྱལ་ཁབ་ཀྱི་འགན་འཁུར་རྒྱུ་གོ་སྐབས་སུ་བཟུང་ནས། ཀྲུང་གོ་དང་ཡོ་རོབ་བར་གྱི་འབྲེལ་བ་བརྟན་པོ་དང་བདེ་ཐང་ངང་འཕེལ་རྒྱས་འགྲོ་རྒྱུར་སྐུལ་འདེད་གཏོང་རྒྱུའི་རེ་ལྟོས་ཆེ་ཞེས་ནན་གྱིས་གསུངས།
ཧྲུའུ་ཡིའུ་ཁི་ཡིས་ད་ཐེངས་ཀྲུའུ་ཞི་ཞི་ཅིན་ཕིང་གིས་ལོ་རྒྱུས་རང་བཞིན་གྱི་འཚམས་འདྲི་གནང་བ་འདིས། ཧང་ག་རི་དང་ཀྲུང་གོའི་ཕྱོགས་ཡོངས་འཐབ་ཇུས་རོགས་རེས་འབྲེལ་བ་དེ་ཆུ་ཚད་སྔར་ལས་མཐོ་བའི་ཕྱོགས་སུ་འཕེལ་རྒྱས་གཏོང་ཐུབ་པར་ང་ལ་ཡིད་ཆེས་ཡོད། ལྗང་མདོག་ཚུལ་སྒྱུར་དང་ནུས་ཁུངས་གཙང་མ་སོགས་ཀྱི་ཐད་ཀྲུང་གོ་ཕྱོགས་ལ་སྔོན་ཐོན་ལག་རྩལ་དང་ཉམས་མྱོང་ངེས་ཅན་ལྡན་པས། ཧང་ག་རི་ཕྱོགས་ཀྱིས་ཀྲུང་གོའི་ཁེ་ལས་སྔར་ལས་གང་མང་ཧང་ག་རིར་ཡོང་ནས་དངུལ་གཏོང་མཉམ་ལས་བྱེད་པར་དགའ་བསུ་ཞུ་རྒྱུ་ཡིན། ཕྱོགས་གཉིས་ཀས་མུ་མཐུད་མཉམ་ལས་བྱས་ནས། ཧང་ག་རི་དང་ཀྲུང་གོའི་སྐད་གཉིས་སློབ་གྲྭ་དང་ཁུང་ཙི་སློབ་གླིང་ཡག་པོ་གཉེར་ནས། རྒྱལ་ཁབ་གཉིས་ཀའི་རིག་གནས་དང་སྐད་ཡིག་བརྗེ་རེས་མཉམ་ལས་ལ་ཤུགས་སྣོན་རྒྱག་རྒྱུའི་རེ་ལྟོས་ཆེ་ཞེས་བསྟན།
ཚའེ་ཆི་དང་ཝང་དབྱི་སོགས་གོང་གསལ་བྱེད་སྒོར་ཞུགས།
བན་དེ་སྐྱབས་ཀྱིས་བསྒྱུར