ཟླ5པའི་ཚེས9ཉིན། ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི། ཞིང་ཆེན་དམངས་འཐུས་ཚོགས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རིན་ཁྲིན་ཀང་དང་། ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི་གཞོན་པ། ཧྲིན་ཀྲང་ཝུའུ་ཞའོ་ཅུན་གྱིས་ཟི་ལིང་ནས་རྒྱལ་ཁབ་གློག་དྲ་ཚད་ཡོད་ཀུང་སིའི་རྐང་འཛིན་དབུ་གཙོ། ཏང་ཙུའུ་ཧྲུའུ་ཅི་ཀྲང་ཀྲི་ཀང་འཁོར་དང་བཅས་པར་གྲོས་མོལ་བྱས།
ཁྲིན་ཀང་དང་ཝུའུ་ཞའོ་ཅུན་གྱིས་ཀྲང་ཀྲི་ཀང་འཁོར་དང་བཅས་པ་མཚོ་སྔོན་དུ་ཕེབས་པར་དགའ་བསུ་ཞུས། ཁོ་ཚོས་བཤད་རྒྱུར། མཚོ་སྔོན་གྱིས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་མཚོ་སྔོན་གྱི་ལས་དོན་ལ་བཏོན་པའི་བླང་བྱ་གལ་ཆེན་ལག་བསྟར་དོན་འཁྱོལ་གཏིང་ཟབ་བྱས་ཏེ། ཐོག་མཐའ་བར་གསུམ་དུ“རྒྱལ་དོན་གྱི་ཆེ་ཕྱོགས”བློ་ལ་བརྟན་པོར་བཅངས་ཏེ། ནུས་ཁུངས་གཙང་མའི་ཐོན་ལས་དེ་མཚོ་སྔོན་གྱི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་ཐབས་ལམ་གལ་ཆེན་ཞིག་ཏུ་བརྩིས་ནས། གནད་དོན་ཕྱོགས་སྟོན་དུ་འཛིན་པ་རྒྱུན་འཁྱོངས་དང་། རྩེ་རིམ་ཇུས་འགོད་དང་སྤྱི་འདོམས་མཐུན་སྦྱོར་ལ་ཤུགས་སྣོན་བྱེད་པ། འཆར་འགོད་དང་། སྲིད་ཇུས། རྟེན་གཞི། ལས་གཞི། ཁེ་ལས་བཅས“ཕྱོགས་ལྔ་གཞི་གཅིག”གི་སྐུལ་སྤེལ་རྣམ་པ་བསྐྲུན་པ། གློག་ཁུངས་དང་གློག་དྲ། ཐེག་ཚད། གསོག་ནུས་བཅས་གཞི་གཅིག་ཅན་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ། རྒྱལ་ཁབ་ཀྱི་ནུས་ཁུངས་གཙང་མའི་ཐོན་ལས་ཀྱི་མཐོ་ས་མགྱོགས་མྱུར་ངང་བསྐྲུན་པ་བཅས་བྱས་པ་དང་ཆབས་ཅིག ལྗང་མདོག་གློག་ཤུགས་འཕེལ་རྒྱས་གཏོང་བར་བརྟེན་ནས་ལྗང་མདོག་ནུས་ཁུངས་ཐོན་ལས་འཕེལ་རྒྱས་བཏང་སྟེ། ཐོན་སྐྱེད་ནུས་ཤུགས་གསར་མ་མགྱོགས་མྱུར་ངང་གྲུབ་པར་བྱས་ཡོད། དུས་ཡུན་རིང་པོར་རྒྱལ་ཁབ་གློག་དྲ་ཚད་ཡོད་ཀུང་སིས་གློག་ཤུགས་མ་ལག་གསར་པ་འཛུགས་སྐྲུན་དང་། གློག་ཤུགས་མཁོ་འདོན་བརྟན་པོ་བྱེད་པ། གློག་དྲ་འཛུགས་སྐྲུན་ཇེ་མགྱོགས་སུ་གཏོང་བ་སོགས་ཀྱི་ཐད་མཚོ་སྔོན་ལ་རྒྱབ་སྐྱོར་ཆེན་པོ་གནང་བར་ང་ཚོས་སྙིང་དབུས་ནས་ཐུགས་རྗེ་ཆེ་ཞུ་བ་ཡིན་ཟེར། ཕྱོགས་གཉིས་ཀྱིས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་དུས་རབས་གསར་པའི་ནང་ནུབ་རྒྱུད་གསར་སྤེལ་ཆེན་པོར་སྐུལ་འདེད་གཏོང་བའི་བཞུགས་མོལ་ཚོགས་འདུའི་ཐོག་གནང་བའི་གསུང་བཤད་གལ་ཆེན་གྱི་དགོངས་དོན་ལ་སློབ་སྦྱོང་དང་ལག་བསྟར་བྱ་རྒྱུ་དེ་འགོ་འཛུགས་ས་གསར་པར་བྱས་ཏེ། ཀྲུང་དབྱང་དང་ས་གནས་བར་དངོས་གཉེར་མཉམ་ལས་བྱེད་ཤུགས་ཆེ་རུ་གཏོང་བ་དང་། དྲ་སྒྲོམ་འཛུགས་སྐྲུན་བྱེད་ཤུགས་ཆེ་རུ་གཏོང་བ། བཀོད་གཏོང་འཁོར་སྐྱོད་ལེགས་བཅོས་བྱེད་པ། ལྗང་མདོག་གློག་ཤུགས་རང་སར་གཙང་སེལ་བྱེད་པར་སྐུལ་འདེད་གཏོང་བ་བཅས་བྱས་ནས། མཚོ་སྔོན་གྱི་ནུས་ཁུངས་གཙང་མའི་ལེགས་ཆ་དེ་དཔལ་འབྱོར་གྱི་ལེགས་ཆ་དང་། ཐོན་ལས་ཀྱི་ལེགས་ཆ། འཕེལ་རྒྱས་ཀྱི་ལེགས་ཆ་བཅས་སུ་རྒྱུན་ཆད་མེད་པར་བསྒྱུར་དགོས་པའི་རེ་བ་བཏོན། མཚོ་སྔོན་གྱིས་རང་འགུལ་ངང་འབྲེལ་མཐུད་བྱེད་པར་ཤུགས་སྣོན་བྱས་ཏེ། རྒྱལ་ཁབ་གློག་དྲ་ཀུང་སི་དང་མཉམ་དུ་རྒྱལ་ཁབ་ཀྱི་ནུས་ཁུངས་དང་ཐོན་ཁུངས་ཀྱི་བདེ་འཇགས་འགན་སྲུང་བྱེད་ཤུགས་ཆེ་རུ་གཏོང་བར་ལེགས་སྐྱེས་འབུལ་རྒྱུ་ཡིན་ཟེར།
ཀྲང་ཀྲི་ཀང་གིས་མཚོ་སྔོན་ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་སྲིད་གཞུང་གིས་སྔར་ནས་བཟུང་རྒྱལ་ཁབ་གློག་དྲ་ཀུང་སིར་ཐུགས་ཁུར་དང་རྒྱབ་སྐྱོར་བྱས་པར་ཐུགས་རྗེ་ཆེ་ཞུས། ཁོས་བཤད་རྒྱུར། མཚོ་སྔོན་གྱིས“ཕྱོགས་ལྔ་གཞི་གཅིག”གི་སྐུལ་སྤེལ་རྣམ་པ་སྤྱི་འདོམས་འཛུགས་སྐྲུན་དང་། འཕེལ་རྒྱས་ཁྲོད་ཀྱི་གྲུབ་ཆའི་རང་བཞིན་དང་བྱེད་ནུས་རང་བཞིན་གྱི་གནད་དོན་ཐག་གཅོད། འཕེལ་རྒྱས་ཀྱི་ཆོས་ཉིད་ལ་བརྩི་འཇོག་དང་ལས་རིགས་ཀྱི་ཁྱད་ཆོས་དང་མཐུན་པར་བྱས་ཏེ། རྒྱལ་ཁབ་གློག་དྲ་ཀུང་སིས་རྒྱལ་ཁབ་ཀྱི་ནུས་ཁུངས་གཙང་མའི་ཐོན་ལས་ཀྱི་མཐོ་ས་འཛུགས་སྐྲུན་ལ་རྒྱབ་སྐྱོར་དང་མཚོ་སྔོན་གྱི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ལ་ཞབས་འདེགས་ཞུ་བའི་ཡིད་ཆེས་དང་ཆོད་སེམས་སྔར་ལས་ཇེ་བརྟན་དུ་བཏང་ཡོད། རྒྱལ་ཁབ་གློག་དྲ་ཀུང་སིས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་གྱི་དགོངས་དོན་ལ་སློབ་སྦྱོང་ལག་བསྟར་གཏིང་ཟབ་བྱས་ཏེ། ཀྲུང་དབྱང་ཁེ་ལས་ཀྱི་འགན་འཁྲི་རང་འགུལ་ངང་འཁུར་བ་དང་ཧུར་ཐག་གིས་གསར་གཏོད་འཚོལ་ཞིབ་བྱེད་པ། གློག་ཤུགས་མ་ལག་གསར་པ་མགྱོགས་མྱུར་ངང་འཛུགས་པ། ནུས་ཁུངས་གསར་པའི་མ་ལག་འཛུགས་སྐྲུན་ལ་སྐུལ་འདེད་གཏོང་བ། གློག་མཁོ་འདོན་འགན་ལེན་བྱེད་ཤུགས་ཆེ་རུ་གཏོང་བ་བཅས་བྱས་ཏེ། མཚོ་སྔོན་གྱི་ནུས་ཁུངས་གཙང་མའི་ཐོན་ལས་སྤུས་ཚད་མཐོན་པོས་འཕེལ་རྒྱས་འགྲོ་བར་རྒྱབ་སྐྱོར་བྱེད་རྒྱུ་ཡིན་ཟེར།
ཞིང་ཆེན་གྱི་འགོ་ཁྲིད་ཀྲུའུ་ཞང་ཧྥིན་དང་ལིའུ་ཁྲའོ་གྲོས་མོལ་ལ་ཞུགས་ཡོད།
སྒྲོལ་མ་སྐྱིད་ཀྱིས་བསྒྱུར།