མགོན་པོ་བཀྲ་ཤིས་ཀྱིས་ཀོས་ནན་རྫོང་གི་ཏང་གི་སྒྲིག་ཁྲིམས་སློབ་སྦྱོང་སློབ་གསོའི་ལས་དོན་ལ་མཛུབ་སྟོན་བྱས།
2024.05.10 ཁུངས། མཚོ་སྔོན་ཉིན་རེའི་ཚགས་པར། ཀློག་གྲངས། 27

ཟླ5པའི་ཚེས8ནས9ཉིན་བར། ཞིང་ཆེན་སྲིད་གྲོས་ཀྱི་ཏང་ཙུའུ་ཧྲུའུ་ཅི། ཀྲུའུ་ཞི་མགོན་པོ་བཀྲ་ཤིས་མཚོ་ལྷོ་བོད་རིགས་རང་སྐྱོང་ཁུལ་ཀོས་ནན་རྫོང་དུ་བསྐྱོད་དེ། ཡུལ་དངོས་ནས་འབྲེལ་གནས་ས་ཁུལ་གྱི་ཏང་གི་སྒྲིག་ཁྲིམས་སློབ་སྦྱོང་སློབ་གསོའི་ལས་དོན་ལ་ལྟ་སྐུལ་མཛུབ་སྟོན་བྱས།  ཞིང་ཆེན་དམངས་འཐུས་ཚོགས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རིན་གཞོན་པ། མཚོ་ལྷོ་ཁུལ་གྱི་ཏང་ཨུའི་ཧྲུའུ་ཅི་ལོའུ་ཀང་ལྟ་སྐུལ་མཛུབ་སྟོན་ལ་ཞུགས།

མགོན་པོ་བཀྲ་ཤིས་ཀོས་ནན་རྫོང་ཏང་ཨུའི་ཏང་གི་སྒྲིག་ཁྲིམས་སློབ་སྦྱོང་སློབ་གསོའི་ལས་དོན་ཆེད་དོན་འཛིན་གྲྭའི་གཞུང་སྒྲུབ་ཁང་དུ་སོང་ནས། འབྲེལ་ཡོད་དཔྱད་གཞིའི་ཡིག་རིགས་ལ་ནན་ཏན་སྒོས་བལྟས་པར་མ་ཟད། གྲོས་མོལ་ཚོགས་འདུ་འཚོགས་ཏེ་རྫོང་དེས་ཏང་གི་སྒྲིག་ཁྲིམས་སློབ་སྦྱོང་སློབ་གསོ་དང་ཏང་འཛུགས་སྐྲུན་ལས་དོན་སྤེལ་བའི་གནས་ཚུལ་སྙན་ཞུར་གསན་པ་དང་ཆབས་ཅིག ཏང་ཡོན་ལས་བྱེད་པ་དང་སྤེལ་རེས་གཏིང་ཟབ་བྱས།

མགོན་པོ་བཀྲ་ཤིས་ཀྱིས་བཤད་རྒྱུར།  ཀོས་ནན་རྫོང་ཏང་ཨུས་ཏང་གི་སྒྲིག་ཁྲིམས་སློབ་སྦྱོང་སློབ་གསོའི་སྐོར་གྱི་ཀྲུང་དབྱང་དང་ཞིང་ཆེན་ཏང་ཨུའི་ཐབས་ཇུས་བཀོད་སྒྲིག་ནན་ཏན་སྒོས་ལག་བསྟར་དོན་འཁྱོལ་བྱས་ཏེ། ཀོས་ནན་རྫོང་གི་དོན་དངོས་དང་ཟུང་འབྲེལ་དམ་ཟབ་ཀྱིས་ཏང་གི་སྒྲིག་ཁྲིམས་སློབ་སྦྱོང་སློབ་གསོ་ཕྱོགས་ཡོངས་ནས་སྤེལ་འགོ་ཚུགས་པ་དང་། སྤྱི་འདོམས་མཉམ་འགུལ་དང་སྐུལ་འདེད་ཏན་ཏིག་བཏང་བ་ལས་ཚད་གཞི་མཐོ་བ་དང་། བྱ་སྤྱོད་མྱུར་བ། བླང་བྱ་ནན་པའི་ཁྱད་ཆོས་མངོན་པ་དང་།  དུས་མཚམས་རང་བཞིན་གྱི་གྲུབ་འབྲས་བླངས་ཡོད་ཟེར།

མགོན་པོ་བཀྲ་ཤིས་ཀྱིས་ནན་གྱིས་བསྟན་དོན། ཏང་གི་སྒྲིག་ཁྲིམས་སློབ་སྦྱོང་སློབ་གསོ་སྤེལ་རྒྱུ་ནི་ཏང་ཀྲུང་དབྱང་གིས་བཀོད་སྒྲིག་གལ་ཆེན་གནང་བ་ཞིག་དང་རིམ་པ་སོ་སོའི་ཏང་རྩ་འཛུགས་དང་ཏང་ཡོན་ལས་བྱེད་པའི་མིག་སྔའི་ཆབ་སྲིད་ཀྱི་ལས་འགན་གལ་ཆེན་ཞིག་ཡིན། ཏང་གི་སྒྲིག་ཁྲིམས་སློབ་སྦྱོང་སློབ་གསོའི་སྐོར་གྱི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་དང་མཛུབ་སྟོན་གལ་ཆེན་གྱི་དགོངས་དོན་ལ་སློབ་སྦྱོང་གཏིང་ཟབ་བྱེད་པ་དང་། ཏང་ཀྲུང་དབྱང་གི་ཐབས་ཇུས་བཀོད་སྒྲིག་དང་ཞིང་ཆེན་ཏང་ཨུའི་བྱ་བའི་བླང་བྱ་ལག་བསྟར་མཐའ་གཅིག་ཏུ་བྱེད་པ། སློབ་སྦྱོང་སློབ་གསོར་དམ་པོར་དམིགས་པ། རྒྱུན་དུ་སློབ་སྦྱོང་དང་སེམས་སུ་ཟུག་པ་བཅས་ཀྱི་ཐད་འབད་བརྩོན་བྱེད་པ། བྱ་བའི་གཙོ་གནད་འབུར་དུ་ཐོན་པར་བྱེད་པ། སྦྱངས་པ་གོ་ཆོད་པ་དང་སློབ་པར་བརྟེན་ནས་བྱ་བར་སྐུལ་འདེད་གཏོང་བའི་ཐད་འབད་བརྩོན་བྱེད་པ།  དག་ཐེར་དོན་འཁྱོལ་འབུར་དུ་ཐོན་པར་བྱེད་པ།  གནད་དོན་ཐག་གཅོད་དང་བྱ་བར་སྐུལ་འདེད་གཏོང་བའི་ཐད་འབད་བརྩོན་བྱེད་པ། སྒྲིག་ཁྲིམས་ཀྱི་འདུ་ཤེས་ཇེ་དྲག་ཏུ་གཏོང་བ།  ཚད་མཐའ་ནན་མོར་སྲུང་བ་དང་སྤྱོད་ཚུལ་ལེགས་སྒྱུར་བྱེད་པར་ཤུགས་སྣོན་བྱེད་པ་བཅས་བྱས་ཏེ། ཏང་གི་སྒྲིག་ཁྲིམས་སློབ་སྦྱོང་སློབ་གསོའི་ཕན་འབྲས་དེ་ལས་སྒྲུབ་ལས་གཏོད་དང་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་སྒུལ་ཤུགས་ཆེན་པོར་འགྱུར་བར་བྱེད་དགོས།

ཐེངས་འདིའི་ཏང་གི་སྒྲིག་ཁྲིམས་སློབ་སྦྱོང་དང་སློབ་གསོ་སྤེལ་བ་གོ་སྐབས་སུ་བཟུང་སྟེ། ཏང་ཡོན་ལས་བྱེད་པས་གུས་ཞིང་སྐྲག་པ་དང་། དོགས་ཟོན་དང་སྐྲག་སྣང་སྐྱེས་པ།  ཚད་མཐའ་སྲུང་བ་བཅས་ཤེས་པར་སློབ་གསོ་དང་ཁྲིད་སྟོན་བྱེད་པ་དང་། རང་རྟོགས་སྒོས་ཏང་གི་སྒྲིག་སྲོལ་དང་སྒྲིག་ཁྲིམས་སྤྱད་དེ་བསམ་བློ་དང་བྱ་སྤྱོད་དག་བཅོས་བྱས་ཏེ། རང་གཅུན་ནན་མོ་དང་། རང་འགན་ནན་འཁུར། དོ་དམ་ནན་སྒྲུབ་བཅས་བྱེད་པའི་སྲོལ་བཟང་གསར་པ་ཆགས་པར་བྱེད་པ་དང་། འགན་འཁུར་ཕོད་པ་དང་བྱས་རྗེས་འཇོག་པ། ལས་སྒྲུབ་ལས་སྐྲུན་བྱེད་པའི་སྒུལ་ཤུགས་ཆེན་པོ་རྒྱུན་མི་ཆད་པར་གསོག་པ། “ལས་བྱེད་པས་ལས་ལ་འབད་དགོས་པ་དང་རིག་ལམ་གསལ་དགོས་པ།  རང་གཅུན་དམ་དགོས་པ”བཅས་ཀྱི་རྣམ་པ་བཟང་པོ་ཆགས་པར་བྱེད་པ།   སྤྱོད་གཙང་དེ་མཛེས་པའི་བྱ་སྤྱོད་དང་རྩ་བར་འཛིན་པ་དང་།  སྒྲིག་ཁྲིམས་སྲུང་བ་གཟི་བརྗིད་དུ་བརྩི་བའི་དར་སྲོལ་གསར་པ་ཆགས་པ་བཅས་བྱས་ཏེ། དེང་རབས་ཅན་གྱི་མཚོ་སྔོན་གསར་པ་འཛུགས་སྐྲུན་བྱེད་པར་འགན་སྲུང་བརྟན་པོ་འདོན་སྤྲོད་བྱེད་དགོས།

ཡིག་སྒྱུར་བ། སྒྲོལ་མ་སྐྱིད།