ཟླ5པའི་ཚེས9ཉིན། ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི། ཞིང་ཆེན་དམངས་འཐུས་ཚོགས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རིན་ཁྲིན་ཀང་དང་། ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི་གཞོན་པ། ཧྲིན་ཀྲང་ཝུའུ་ཞའོ་ཅུན་གྱིས་མཚོ་སྔོན་དུ་རྟོག་ཞིབ་མཛུབ་སྟོན་བྱེད་པར་ཡོང་བའི་སྐྱེ་ཁམས་ཁོར་ཡུག་པུའུ་ཡི་པུའུ་ཀྲང་ཧོང་རུན་ཆིའུ་འཁོར་དང་བཅས་པར་གྲོས་མོལ་བྱས།
ཁྲིན་ཀང་དང་ཝུའུ་ཞའོ་ཅུན་གྱིས་སྐྱེ་ཁམས་ཁོར་ཡུག་པུའུ་ཡིས་དུས་ཡུན་རིང་པོར་མཚོ་སྔོན་ལ་རྒྱབ་སྐྱོར་ཆེན་པོ་བྱས་པར་སྙིང་དབུས་ནས་ཐུགས་རྗེ་ཆེ་ཞུས། ཁོ་ཚོས་བཤད་རྒྱུར། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་སྐྱེ་ཁམས་དཔལ་ཡོན་འཛུགས་སྐྲུན་ལ་ཚད་མཐོའི་མཐོང་ཆེན་གནང་ནས་མཚོ་སྔོན་གྱི་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ་ལས་དོན་ནམ་ཡང་ཐུགས་ལ་ བཅངས་ཡོད། ཞིང་ཆེན་ཡོངས་ཀྱི་གོང་འོག་ཚང་མས་མངགས་བཅོལ་ཟབ་མོ་ཡིད་ལ་དམ་པོར་བཟུང་ནས། ཞི་ཅིན་ཕིང་གི་སྐྱེ་ཁམས་དཔལ་ཡོན་དགོངས་པ་ལག་བསྟར་གཏིང་ཟབ་དང་། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་མཚོ་སྔོན་གྱི་བྱ་བར་བཏོན་པའི་བླང་བྱ་གལ་ཆེན་ནན་ཏན་གྱིས་ལག་ལེན་མཐར་ཕྱིན་བྱས་ཏེ། སེམས་ཤུགས་གཅིག་སྒྲིལ་གྱིས་སྐྱེ་ཁམས་དཔལ་ཡོན་གྱི་མཐོ་ས་བསྐྲུན་ཡོད། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་དུས་རབས་གསར་པར་ནུབ་རྒྱུད་གསར་སྤེལ་ཆེན་པོར་སྐུལ་འདེད་གཏོང་བའི་བཞུགས་མོལ་ཚོགས་འདུའི་ཐོག་གནང་བའི་གསུང་བཤད་གལ་ཆེན་གྱི་དགོངས་དོན་གྱིས་མཚོ་སྔོན་གྱིས་ཆུ་ཚད་མཐོ་བའི་སྲུང་སྐྱོབ་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་མཐུན་སྦྱོར་སྐུལ་འདེད་གཏོང་བར་ཁ་ཕྱོགས་སྔར་ལས་གསལ་སྟོན་གནང་ཡོད། ང་ཚོས་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ་སྔར་ལས་མངོན་གསལ་དོད་པའི་གོ་གནས་ཐོག་བཞག་ནས“སྔ་ཙམ”དང“ཆུང་ཙམ”ལ་གཞི་ཚུགས་ཏེ། རྒྱུན་རྣམ་ཅན་གྱི་ལྟ་སྐུལ་དོ་དམ་དང་འགན་འཁྲི་རྩད་གཅོད་བྱེད་ཤུགས་ཆེ་རུ་གཏོང་བ་དང་། སྐྱེ་ཁམས་སྲུང་སྐྱོབ་དང་ཉམས་གསོ་བྱེད་ཤུགས་ཆེ་རུ་གཏོང་བ། སྐོར་ཐེངས་གསུམ་པའི་ཀྲུང་དབྱང་གི་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ་ལྟ་ཞིབ་གནད་དོན་དག་ཐེར་ཡོ་བསྲང་ཏན་ཏིག་བྱས་ཏེ། རྒྱལ་ཁབ་ཀྱི་སྐྱེ་ཁམས་བདེ་འཇགས་སྲུང་སྐྱོབ་བྱེད་པའི་ལས་འགན་གལ་ཆེན་ཏན་ཏིག་གིས་འཁུར་དགོས་ཟེར།
ཧོང་རུན་ཆིའུ་ཡིས་མཚོ་སྔོན་གྱི་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ་ལས་དོན་ཐད་ཐོབ་པའི་གྲུབ་འབྲས་དང་དེ་མིན་མཚོ་སྔོན་གྱི་ལས་བྱེད་པ་དང་མང་ཚོགས་ཀྱིས་འབད་འཐབ་ལེགས་སྐྱེས་འབུལ་བའི་སྙིང་སྟོབས་ལ་ཁས་ལེན་གང་ལེགས་བྱས། ཁོས་བཤད་རྒྱུར། མཚོ་སྔོན་གྱིས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་དང་མཛུབ་སྟོན་གལ་ཆེན་གྱི་དགོངས་དོན་ནན་ཏན་སྒོས་ལག་བསྟར་དོན་འཁྱོལ་བྱས་ཏེ། ཏང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་བཀོད་སྒྲིག་ལྟར་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ་ཀྱི་ཆབ་སྲིད་འགན་འཁྲི་མཐའ་གཅིག་ཏུ་འཁུར་ནས། ཞི་ཅིན་ཕིང་གི་སྐྱེ་ཁམས་དཔལ་ཡོན་དགོངས་པ་དེ་མཐོ་སྒང་མི་དམངས་ཀྱི་སེམས་སུ་ཟུག་པ་དང་གཏིང་ཟབ་ཕྱོགས་སུ་བསྐྱོད་པར་སྐུལ་འདེད་བཏང་ཡོད། མཚོ་སྔོན་གྱིས་མུ་མཐུད་དུ་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མཚོ་སྔོན་གྱི་སྐྱེ་ཁམས་ཁོར་ཡུག་སྐོར་གྱི་མཛུབ་སྟོན་གལ་ཆེན་དེ་གསོན་ཉམས་ལྡན་པའི་ལག་ལེན་དུ་བསྒྱུར་བ་དང་། སྐྱེ་ཁམས་སྔོན་ལ་འཇོག་པ་དང་ལྗང་མདོག་འཕེལ་རྒྱས་རྒྱུན་འཁྱོངས་བྱས་ཏེ། ཐོག་མཐའ་བར་གསུམ་དུ་སྒྲིག་ལམ་དང་སྒྲིག་ཁྲིམས་སྔོན་ལ་འཇོག་པ་དང་། གཟབ་ནན་གྱིས་ཚན་རིག་དང་མཐུན་པའི་སྒོ་ནས་དག་ཐེར་ཡོ་བསྲང་ལ་སྐུལ་འདེད་གཏོང་བ། སྐྱེ་ཁམས་དཔལ་ཡོན་འཛུགས་སྐྲུན་གྱི་དངོས་ཡོད་གྲུབ་འབྲས་ཀྱིས་ཏང་དང་མི་དམངས་ལ་ཚད་ལྡན་གྱི་རྒྱུགས་ལན་ཞིག་འབུལ་དགོས་པའི་རེ་བ་བཏོན།
སྐྱེ་ཁམས་ཁོར་ཡུག་པུའུ་ཡིས་སྔར་བཞིན་མཚོ་སྔོན་གྱི་འཕེལ་རྒྱས་ལ་ཐུགས་ཁུར་དང་རྒྱབ་སྐྱོར་བྱས་ཏེ། འདྲི་གཞི་གཅིག་ལ་མཉམ་དུ་ལན་འདེབས་པ་དང་། ཕྱོགས་གཅིག་ཏུ་ཤུགས་འདོན་པ། པུའུ་དང་ཞིང་ཆེན་མཉམ་ལས་ཀྱི་གྲོས་མཐུན་ཧུར་ཐག་གིས་དོན་འཁྱོལ་བཅས་བྱས་ནས། མཚོ་སྔོན་གྱིས་ཆུ་ཚད་མཐོ་བའི་སྲུང་སྐྱོབ་ལ་བརྟེན་ནས་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་འདེགས་སྐྱོར་བྱེད་པར་རམ་འདེགས་བྱེད་རྒྱུ་ཡིན་ཟེར།
ཞིང་ཆེན་གྱི་འགོ་ཁྲིད་ཀྲུའུ་ཞང་ཧྥིན་དང་ལིག་ཐའོ་གྲོས་མོལ་ལ་ཞུགས་ཡོད།
ཡིག་སྒྱུར་བ།སྒྲོལ་མ་སྐྱིད།