ས་གནས་དེའི་དུས་ཚོད་ཟླ5ཚེས9ཉིན་གྱི་ཕྱི་དྲོར། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་པུའུ་ཏ་ཕེ་སི་རུ་ཙུང་ལི་ཨོ་ཨར་པན་དང་གྲོས་མོལ་གནང་རྗེས་མཉམ་དུ་གསར་འགོད་པར་མཇལ་འཕྲད་གནང་།
ས་གནས་དེའི་དུས་ཚོད་ཟླ5ཚེས9ཉིན་གྱི་ཕྱི་དྲོར། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་པུའུ་ཏ་ཕེ་སི་རུ་ཙུང་ལི་ཨོ་ཨར་པན་དང་གྲོས་མོལ་གནང་རྗེས་མཉམ་དུ་གསར་འགོད་པར་མཇལ་འཕྲད་གནང་།
ཞི་ཅིན་ཕིང་གིས་བསྟན་དོན། ད་ལོ་ནི་ཀྲུང་གོ་དང་ཧང་ག་རིའི་བར་འབྲེལ་བ་བཙུགས་ནས་ལོ75འགོར་བའི་ལོ་ཡིན་པས། ཕྱོགས་གཉིས་ཀྱིས་ཐོག་མཐའ་བར་གསུམ་དུ་ཕན་ཚུན་བརྩི་འཇོག་དང་དྲང་མཉམ་གྱི་བལྟ་སྟངས། གཉིས་ཕན་མཉམ་རྒྱལ་བཅས་ཀྱི་རྩ་དོན་སྲུང་འཛིན་བྱས་ཏེ། རྒྱལ་ཁབ་གཉིས་ཀྱི་འབྲེལ་བ་ཡང་དག་པའི་ཕྱོགས་སུ་བསྐྱོད་པར་སྐུལ་འདེད་བཏང་ནས། ལོ་རྒྱུས་ཀྱི་ཆེས་ལེགས་པའི་དུས་སྐབས་ཁྲོད་ཞུགས་དགོས། ང་དང་ཙུང་ལི་ཨོ་ཨར་པན་གཉིས་ཀྱིས་མཛའ་བརྩེ་ཟབ་མོ་དང་གྲུབ་འབྲས་ཕུན་སུམ་ཚོགས་པའི་གྲོས་མོལ་བྱས་ཏེ། དུས་རབས་གསར་བར་ཀྲུང་གོ་དང་ཧང་ག་རིའི་འབྲེལ་བའི་འཕེལ་རྒྱས་དང་ཕྱོགས་གཉིས་ཀྱིས་ཐུན་མོང་སེམས་ཁུར་བྱེད་པའི་གནད་དོན་ཐད་ནས་བསམ་ཚུལ་བརྗེ་རེས་གཏིང་ཟབ་བྱས་ཤིང་། ཐུན་མོང་གི་ངོས་ཤེས་རྒྱ་ཆེར་བྱུང་བར་མ་ཟད་ཕྱོགས་གཉིས་ཀྱི་མཉམ་ལས་ཡིག་དེབ་གལ་ཆེན་རབ་དང་རིམ་པ་བརྗེ་རེས་བྱས་པར་བདེན་དཔང་གནང་། ང་རྒྱལ་ཁབ་གཉིས་ཀྱི་འབྲེལ་བའི་འཕེལ་རྒྱས་ཀྱི་མདུན་ལྗོངས་ཡངས་པོར་ཡིད་ཆེས་ཀྱིས་ཁེངས་ཡོད་ཞེས་གསུངས།
ཞི་ཅིན་ཕིང་གིས་ནན་གྱིས་བསྟན་དོན། ང་དང་ཙུང་ལི་ཨོ་ཨར་པན་གཉིས་ཀྱིས་གཅིག་གྱུར་སྒོས་བལྟས་ན། དུས་ཡུན་རིང་བོའི་ནང་ཀྲུང་གོ་དང་ཧང་ག་རི་ནི་དུས་དང་རྣམ་པ་ཀུན་ཏུ་ཕན་ཚུན་ཡིད་རྟོན་དང་ཕན་ཚུན་རོགས་རེས་བྱེད་པའི་གྲོགས་པོ་བཟང་པོ་དང་། མཉམ་ལས་མཉམ་རྒྱལ་གྱི་ཟླ་གྲོགས་བཟང་པོ་ཡིན་པས། ཕྱོགས་གཉིས་ཀྱི་འབྲེལ་བའི་ཆུ་ཚད་སྔར་ལས་ཇེ་མཐོར་གཏོང་བ་དང་རྒྱལ་ཁབ་གཉིས་ཀྱི་མཉམ་ལས་ནང་དོན་ཇེ་ཟབ་ཏུ་བཏང་ན་འོས་ཤིང་འཚམ་པ་ཞིག་ཡིན་པས། ཀྲུང་གོ་དང་ཧང་ག་རིའི་དུས་རབས་གསར་བའི་དུས་ངེས་མེད་ཀྱི་ཕྱོགས་ཡོངས་འཐབ་ཇུས་མཉམ་ལས་གྲོགས་པོའི་འབྲེལ་བ་འཛུགས་རྒྱུ་ཁྱབ་བསྒྲགས་བྱས་ནས་མགོ་རྩོམ་ས་གསར་བ་ཞིག་ཏུ་བརྩིས་ཏེ། རྒྱལ་ཁབ་གཉིས་ཀྱི་འབྲེལ་བ་དང་དངོས་གཉེར་མཉམ་ལས་སྔར་ལས་མཐོ་བའི་ཆུ་ཚད་དུ་སླེབས་པར་སྐུལ་འདེད་གཏོང་དགོས་ཞེས་གསུངས།
ངེད་གཉིས་ཀྱིས་བལྟས་ན། ཆུ་ཚད་མཐོ་བའི་ཆབ་སྲིད་ཡིད་རྟོན་གྱིས་ཀྲུང་གོ་དང་ཧང་ག་རིའི་འབྲེལ་བའི་འཕེལ་རྒྱས་ཐད་རྨང་གཞི་བརྟན་པོ་ཞིག་བཏིངས་ཡོད་པར་འདོད། ཕྱོགས་གཉིས་ཀྱིས་མཐོ་རིམ་བར་གྱི་འགྲོ་འོང་དམ་ཟབ་སྲུང་འཛིན་བྱས་ཏེ། སྲིད་གཞུང་དང་ཁྲིམས་འཛུགས་ལས་ཁུངས། སྲིད་ཏང་བར་གྱི་གྲོས་མོལ་བརྗེ་རེས་ལ་ཤུགས་སྣོན་པ་དང་། རྒྱལ་སྲིད་སྐྱོང་ལུགས་ཀྱི་ཉམས་མྱོང་བཟང་པོ་མཉམ་སྤྱོད་བྱེད་རྒྱུར་འཐད་པ་ཡིན། ཀྲུང་གོ་ཕྱོགས་ཀྱིས་ཧང་ག་རིས་བློ་རྩ་བརྟན་པོས་ཀྲུང་གོ་གཅིག་གི་རྩ་དོན་ལག་བསྟར་བྱས་པར་ཚད་མཐོའི་བསྟོད་བསྔགས་བྱེད་ཀྱིན་ཡོད་ལ། ཧང་ག་རི་རྒྱལ་ཁབ་རང་གི་གནས་ཚུལ་དང་འཚམ་པའི་འཕེལ་རྒྱས་བགྲོད་ལམ་དུ་བསྐྱོད་པར་མུ་མཐུད་དུ་རྒྱབ་སྐྱོར་བྱེད་ངེས་ཡིན།
ངེད་གཉིས་ཀྱིས་བལྟས་ན། རྒྱུད་གཅིག་ལམ་གཅིག་མཉམ་འཛུགས་གྲོས་གཞི་དེ་ཧང་ག་རིའི་ཤར་ཕྱོགས་སུ་སྒོ་འབྱེད་པའི་འཐབ་ཇུས་དང་ཚད་མཐོ་བའི་སྒོ་ནས་འཕྲོད་པར་བྱེད་དགོས་ཤིང་། ཕྱོགས་གཉིས་ཀྱིས་འཕེལ་རྒྱས་འཐབ་ཇུས་ཀྱི་སྦྲེལ་མཐུད་ལ་ཤུགས་བསྣན་ཏེ། ཉོ་ཚོང་དང་དངུལ་གཏོང་། དངུལ་རྩ་སོགས་ཁྱབ་ཁོངས་ཀྱི་མཉམ་ལས་ཇེ་ཟབ་ཏུ་གཏོང་བ་དང་། ཧང་ག་རི་དང་སེར་ཝེ་ཡའི་ལྕགས་ལམ་སོགས་རྣམ་གྲངས་གཙོ་བོའི་འཛུགས་སྐྲུན་ལ་སྐུལ་འདེད་གཏོང་བ། གསར་དར་ཐོན་ལས་མཉམ་ལས་རྒྱ་བསྐྱེད་པ། ཐོན་སྐྱེད་ནུས་ཤུགས་གསར་མ་གསོ་སྐྱོང་བྱས་ནས། རྒྱལ་ཁབ་གཉིས་ཀྱི་རང་རང་གི་དཔལ་འབྱོར་སྤྱི་ཚོགས་འཕེལ་རྒྱས་ཐད་རོགས་ཤུགས་སྩོལ་དགོས་པར་འདོད།
ངེད་གཉིས་ཀྱིས་བལྟས་ན། ཀྲུང་གོ་དང་ཧང་ག་རིའི་སྲོལ་རྒྱུན་མཛའ་བརྩེ་ལ་རྨང་གཞི་གཏིང་ཟབ་མོ་ཡོད་པས། ཕྱོགས་གཉིས་ཀྱིས་མུ་མཐུད་དུ་རྒྱལ་ཁབ་གཉིས་ཀྱི་སྐད་ཡིག་སློབ་ཁྲིད་ལ་རྒྱབ་སྐྱོར་བྱས་ཏེ། ཕན་ཚུན་བར་བཙུགས་པའི་རིག་གནས་ལྟེ་གནས་སྟེགས་བུ་བཀོལ་སྤྱོད་གང་ལེགས་བྱེད་དགོས་ཤིང་། ལུས་རྩལ་དང་སྨྱན་སྦྱོར། ས་གནས་སོགས་ཁྱབ་ཁོངས་ཀྱི་བརྗེ་རེས་མཉམ་ལས་ལ་ཤུགས་སྣོན་བྱེད་པ། དཔལ་ཡོན་ཕན་ཚུན་དཔྱད་གཞིར་འཛིན་པ་དང་དམངས་སེམས་གཅིག་མཐུན་ཡོང་བར་སྐུལ་འདེད་གཏོང་དགོས། ཕྱོགས་གཉིས་ཀྱིས་རང་སོ་སོའི་མངའ་ཁོངས་འགྲོ་འོང་གི་སྲིད་ཇུས་སྔར་ལས་ལེགས་སྒྱུར་བྱེད་པ་དང་། རྒྱལ་ཁབ་གཉིས་བར་གྱི་ཐད་འཕུར་གནམ་གྲུའི་འབྲེལ་གཏུག་ལ་ཤུགས་བསྣན་ཏེ། རྒྱལ་ཁབ་ཕན་ཚུན་གྱི་མི་སྣ་འགྲོ་འོང་རྒྱ་སྐྱེད་གཏོང་ཆེད་ཕན་ཡོད་ཀྱི་ཆ་རྐྱེན་སྔར་ལས་མང་བོ་བསྐྲུན་དགོས་པར་འདོད།
ངེད་གཉིས་ཀྱིས་བལྟས་ན། ཀྲུང་གོ་དང་ཡོ་རོབ་གླིང་དབུས་ཤར་རྒྱལ་ཁབ་ཀྱིས་མཉམ་གྲོས་མཉམ་བསྐྲུན་མཉམ་སྤྱོད་བཅས་ཀྱི་མཉམ་ལས་རྒྱུན་འཁྱོངས་བྱས་ཏེ། ཁུལ་ཁོངས་བརྒལ་བའི་མཉམ་ལས་ཀྱི་དཔེ་མཚོན་བསྐྲུན་ཡོད། ཀྲུང་གོ་དང་ཧང་ག་རིས་ཀྲུང་གོ་དང་ཡོ་རོབ་གླིང་དབུས་ཤར་རྒྱལ་ཁབ་ཀྱི་མཉམ་ལས་དེ་ཁྱབ་རྒྱ་སྔར་ལས་ཆེ་བ་དང་ཁྱབ་ཁོངས་སྔར་ལས་ཡངས་པ། རིམ་པ་སྔར་ལས་མཐོ་བའི་འཕེལ་རྒྱས་བཅས་ལ་སྣེ་ཁྲིད་བྱས་ནས། རྒྱལ་ཁབ་གཉིས་ཀྱི་མི་དམངས་ལ་སྔར་ལས་ལྷག་པའི་བདེ་སྐྱིད་བསྐྲུན་དགོས། ཀྲུང་གོ་ཕྱོགས་ཀྱིས་ཀྲུང་གོ་དང་ཧང་ག་རིའི་ཕྱོགས་ཡོངས་འཐབ་ཇུས་མཉམ་ལས་གྲོགས་པོའི་འབྲེལ་བར་མཐོང་ཆེན་བྱེད་ཀྱིན་ཡོད་ལ། ཡོ་རོབ་གླིང་ནི་སྣེ་མང་འཛམ་གླིང་ཁྲོད་ཀྱི་སྣེ་མོ་གལ་ཆེན་ཞིག་ཡིན་པ་དང་། ཀྲུང་གོའི་ལུགས་ཀྱི་དེངས་རབས་ཅན་ལ་སྐུལ་འདེད་གཏོང་བའི་ཟླ་གྲོགས་གལ་ཆེན་ཞིག་ཀྱང་ཡིན་པས། ཀྲུང་གོ་ཕྱོགས་ཀྱིས་ཧང་ག་རིས་ཡོ་རོབ་མནའ་འབྲེལ་ཁྲོད་སྔར་ལས་མང་བའི་ནུས་པ་འདོན་སྤེལ་བྱེད་རྒྱུར་རྒྱབ་སྐྱོར་བྱས་ཏེ། ཀྲུང་གོ་དང་ཡོ་རོབ་འབྲེལ་བས་འཕེལ་རྒྱས་གསར་བ་སྔར་ལས་མང་བོ་མངོན་འགྱུར་བྱེད་པར་སྐུལ་འདེད་གཏོང་འདོད་ཡོད།
ངེད་གཉིས་ཀྱིས་གཅིག་གྱུར་གྱིས་བལྟས་ན། ཀྲུང་གོ་དང་ཧང་ག་རིའི་རྒྱལ་སྤྱི་དང་ས་གནས་གནས་བབ་ཀྱི་ལྟ་སྟངས་གཅིག་མཚུངས་དང་ལངས་ཕྱོགས་གཅིག་འདྲ་ཡིན་པས། ཕྱོགས་མང་ཁྱབ་ཁོངས་ནང་མཐུན་སྦྱོར་དང་མཉམ་ལས་ལ་ཤུགས་སྣོན་བྱས་ཏེ། འདྲ་མཉམ་དང་གོ་རིམ་ཡོད་པའི་འཛམ་གླིང་སྣེ་མང་ཅན་དང་སྤྱི་ཕན་བཟོད་སྒོམ་གྱི་དཔལ་འབྱོར་གོ་ལ་ཧྲིལ་བོ་ཅན་དར་སྤེལ་གཏོང་བར་ཧུར་བརྩོན་བྱེད་དགོས་ཤིང་། བློ་བརྟན་འགྱུར་མེད་སྒོས་རྒྱལ་སྤྱིའི་དྲང་བདེན་དྲང་བཞག་ལ་སྲུང་སྐྱོབ་བྱས་ནས། མིའི་རིགས་ཀྱི་ལས་སྐལ་གཅིག་མཐུན་ཚོགས་པ་འཛུགས་པར་སྐུལ་འདེད་གཏོང་འདོད་ཡོད།
ཞི་ཅིན་ཕིང་གིས་ནན་གྱིས་བསྟན་དོན། མིག་སྔར། ཀྲུང་གོས་ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་གྱི་རྣམ་པས་རྒྱལ་ཁབ་སྟོབས་ལྡན་འཛུགས་སྐྲུན་བྱེད་པ་དང་མི་རིགས་བསྐྱར་དར་གྱི་རླབས་ཆེན་བྱ་བཞག་ལ་ཕྱོགས་ཡོངས་ནས་སྐུལ་འདེད་གཏོང་བཞིན་ཡོད། ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་གྱིས་འཛམ་གླིང་ལ་གོ་སྐབས་ཆེན་པོ་བསྐྲུན་ཡོད། ཀྲུང་གོ་ཕྱོགས་ཧང་ག་རི་དང་མཉམ་དུ་ཐུན་མོང་འཕེལ་རྒྱས་དང་ཐུན་མོང་ཕྱུག་འགྱུར་མངོན་འགྱུར་བྱེད་རྒྱུར་འཐད་པ་ཡིན། ཕྱོགས་གཉིས་ཀྱི་ཐུན་མོང་འབད་བརྩོན་འོག རྒྱལ་ཁབ་གཉིས་ཀྱི་མ་འོངས་པ་སྔར་ལས་མཛེས་སྡུག་ལྡན་པར་ཡིད་ཆེས་བརྟན་པོ་ཡོད་ཅེས་གསུངས།
ཨོ་ཨར་པན་གྱིས་བསྟན་དོན། ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཧང་ག་རི་དང་ཀྲུང་གོའི་བར་འབྲེལ་བ་བཙུགས་ནས་ལོ75འགོར་བའི་སྐབས་དང་བསྟུན་ནས་ཧང་ག་རིར་རྒྱལ་དོན་འཚམས་འདྲི་གནང་བར་དགའ་བསུ་ཞུ་བཞིན་ཡོད། ཧང་ག་རི་དང་ཀྲུང་གོའི་མཛའ་བརྩེ་ཟབ་ཅིང་འབྲེལ་བ་སྲ་བརྟན་ཡིན། ཧང་ག་རི་ཕྱོགས་ཀྱིས་ཀྲུང་གོ་གཅིག་གི་རྩ་དོན་བརྟན་སྲུང་བྱེད་ངེས་ཡིན། ཕྱོགས་གཉིས་ཀྱིས་ཕན་ཚུན་བརྩི་འཇོག་དང་ཕན་ཚུན་རྒྱབ་སྐྱོར། གཉིས་ཕན་མཉམ་ལས་བཅས་བྱས་ཏེ་མི་དམངས་ལ་བདེ་སྐྱིད་བསྐྲུན་པ་རེད། ཀྲུང་གོས་ཧང་ག་རི་དཀའ་ཁག་དང་འཕྲད་དུས་རྩ་ཆེའི་རོགས་ཤུགས་འདོན་སྤྲོད་བྱས་པར་བཀའ་དྲིན་ཆེ་ཞུས་པ་ཡིན། ཀྲུང་གོ་ནི་འཛམ་གླིང་སྣེ་མང་རང་ཅན་ཁྲོད་ཀྱི་གལ་ཆེ་ཞིང་དྲང་ཕྱོགས་ཀྱི་སྟོབས་ཤུགས་ཤིག་ཡིན་པས། ཧང་ག་རིས་ཀྲུའུ་ཞི་ཞི་ཅིན་ཕིང་གིས་གོ་ལ་ཧྲིལ་བོའི་གྲོས་གཞི་རབ་དང་རིམ་པ་བཏོན་པར་རྒྱབ་སྐྱོར་བྱེད་རྒྱུ་ཡིན། ཀྲུང་གོ་ཕྱོགས་ཀྱིས་ཝུའུ་ཁི་ལན་གྱི་ཉམས་ཉེན་སོགས་ས་ཁུལ་གྱི་འགལ་བ་ཞི་བས་ཐག་གཅོད་བྱེད་པའི་གྲོས་གཞི་བཏོན་པར་འཐད་པ་ཡིན། ཧང་ག་རིས་ཧང་ག་རི་དང་ཀྲུང་གོའི་འབྲེལ་བ་སྔར་ལས་ཇེ་མཐོར་བཏང་སྟེ། རང་རང་སར་དེང་རབས་ཅན་མངོན་འགྱུར་བྱེད་པའི་འཕེལ་རིམ་ཁྲོད་འགྱུར་མེད་ཀྱི་མཉམ་ལས་ཟླ་གྲོགས་བྱེད་རྒྱུའི་རེ་ལྟོས་བྱས་ཡོད་ཅེས་བཤད།
ཚའེ་ཆི་དང་ཝང་དབྱི་སོགས་གོང་གསལ་བྱེད་སྒོར་ཞུགས།
རིག་འཛིན་སྒྲོལ་མས་བསྒྱུར།