
ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་རྒྱུན་ལས་ཨུ་ཡོན། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་ལིས་ཆང་གིས་ཟླ5པའི་ཚེས7ཉིན་ནས་ཚེས9ཉིན་བར་ཞིན་ཅང་དུ་རྟོག་ཞིང་གནང་། ཁོང་གིས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ནུབ་རྒྱུད་གསར་སྤེལ་ཆེན་མོར་སྐུལ་འདེད་གཏོང་བའི་བཞུགས་མོལ་ཚོགས་འདུའི་སྟེང་གི་གསུང་བཤད་གལ་ཆེན་གྱི་དགོངས་དོན་དང་དུས་རབས་གསར་པའི་ཏང་གི་ཞིན་ཅང་བཅོས་སྐྱོང་གི་ཐབས་ཇུས་ལག་བསྟར་ཟབ་སྤེལ་བྱས་ཏེ། ཐོན་ཁུངས་ཀྱི་ཁྱད་ཆོས་དངོས་ནས་རྐང་ཚུགས་པར་བྱེད་པ་དང་ཁྱད་ལྡན་ཐོན་ལས་སྐྱེད་སྲིང་དང་རྒྱ་སྐྱེད་གཏོང་བ། ཕྱི་ནང་གཉིས་ཀར་སྒོ་འབྱེད་པའི་ཆུ་ཚད་སྔར་ལས་ཇེ་མཐོར་གཏོང་བ། སྤུས་ཚད་མཐོ་བའི་འཕེལ་རྒྱས་ཁྲོད་དམངས་ཀྱི་འཚོ་བའི་བདེ་སྐྱིད་ཇེ་ཆེར་གཏོང་བ། ཡུན་སྐྱོང་བདེ་འགོད་ཡོང་བར་སྐུལ་འདེད་གཏོང་བ་བཅས་བྱེད་དགོས་ཞེས་ནན་གྱིས་གསུངས།
ལིས་ཆང་གིས་ཞིན་ཅང་གིས་སྐམ་སའི་དབུས་ཁུལ་གྱི་ཞིང་ཆེན་དང་འགྲམ་བརྒྱུད་རྒྱལ་ཁབ་བར་སྔར་ལས་སྦྲེལ་མཐུད་གང་ལེགས་བྱས་ཏེ། དཔལ་འབྱོར་ཚོང་དོན་མཉམ་ལས་ཟབ་སྤེལ་ཡོང་བར་སྐུལ་འདེད་བཏང་ནས། ནུབ་ཕྱོགས་སུ་སྒོ་འབྱེད་པའི་ཟམ་མགོའི་མཁར་རྫོང་བསྐྲུན་དགོས། ཀྲུང་གོ་དང་ཡོ་རོབ་བར་གྱི་མེ་འཁོར་གྱི་བགྲོད་ལམ་ཆེན་པོའི་ནུས་པ་མངོན་སུམ་ཆེ་རུ་བཏང་ནས། ལམ་བརྒྱུད་ཀྱི་ཐོན་ལས་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ་དང་ལྷག་པར་དུ་གཙོ་གནད་གླིང་ཁུལ་འཛུགས་སྐྲུན་ལ་སྐུལ་འདེད་བཏང་ནས། ཐོན་ལས་ཀྱི་སྐྱེ་ཁམས་བཟང་པོ་བསྐྲུན་དགོས། ཚོང་དོན་དང་སློབ་གསོ། སྨན་བཅོས། རིག་གནས། ཡུལ་སྐོར་སོགས་ཀྱི་ཁྱབ་ཁོངས་ལ་དམ་པོར་དམིགས་ཏེ། རྒྱལ་སྤྱིའི་འགྲོ་འོང་ལ་ཤུགས་སྣོན་པ་དང་མི་གཞུང་རིག་གནས་བརྗེ་རེས་རྒྱ་ཆེར་སྤེལ་དགོས་ཞེས་གསུངས།
ལིས་ཆང་གིས་ནུས་ཁུངས་བཅོས་སྒྱུར་དང་ཆ་འཕྲིན་ཅན་གྱི་རླབས་རྒྱུན་དང་བསྟུན་ནས་ཐོན་ཁུངས་ཀྱི་ཁྱད་ནུས་ལ་རྐང་ཚུགས་པར་བྱས་ཏེ། ནུས་ཁུངས་དང་རྡོ་སོལ་རྫས་འགྱུར་བཟོ་ལས། ཞིང་ལས་དང་ཞིང་ལས་ཐོན་རྫས་ལས་སྣོན། སྒྲིག་ཆས་བཟོ་སྐྲུན་སོགས་ཁྱད་ལྡན་ལེགས་ཆའི་ཐོན་ལས་འཕེལ་རྒྱས་ཤུགས་ཆེན་བཏང་ནས། སྣེ་ཁྲིད་ཁེ་ལས་ཀྱི་སྣེ་ཁྲིད་ནུས་པ་འདོན་སྤེལ་གང་ལེགས་བྱས་ཏེ་ཐོན་ལས་སྦྲེལ་ཐག་ཆ་ཚང་བསྐྲུན་དགོས། རང་རྒྱལ་གྱི་ཚོང་ར་ཆེན་མོ་དང་བཟོ་སྐྲུན་ཆེན་པོ། ཉེར་སྤྱོད་ཆེན་པོ་སོགས་དམིགས་བསལ་གྱི་ལེགས་ཆ་བེད་སྤྱོད་ཡག་པོ་བྱས་ཏེ། ཁེ་ལས་ཀྱིས་ཞིབ་འཇུག་གསར་སྤེལ་ལ་མ་དངུལ་གཏོང་ཤུགས་ཆེ་རུ་གཏོང་བ་དང་། ལག་རྩལ་གསོག་འཇོག་དང་སྔར་ལས་རིམ་འཇུག་ཇེ་མགྱོགས་སུ་གཏོང་བར་རྒྱབ་སྐྱོར་བྱས་ཏེ། ཚད་གཞི་གཏན་འབེབས་ཁྲོད་འབད་པས་ཞུགས་ནས་སྤུས་ལེགས་ཚོང་རྟགས་བསྐྲུན་དགོས། ཤར་རྒྱུད་དང་དབུས་ནུབ་རྒྱུད་བར་གྱི་མཉམ་ལས་ཟབ་སྤེལ་བྱས་ནས། རྒྱལ་ཁབ་ཀྱི་འབྲུ་རིགས་དང་ནུས་ཁུངས་ཐོན་ཁུངས། ཐོན་ལས་ཕྲེང་འབྲེལ་གལ་ཆེན་བཅས་ཀྱི་མཁོ་སྤྲོད་འབྲེལ་ཐག་གི་བདེ་འཇགས་ལ་སྔར་ལས་འགན་སྲུང་གང་ལེགས་བྱེད་དགོས་ཞེས་གསུངས།
ལིས་ཆང་གིས་ཞིན་ཅང་གི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཀྱི་གྲུབ་འབྲས་ལ་ཁས་ལེན་གང་ལེགས་གནང་བ་དང་། ཞིན་ཅང་གིས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་ཞིན་ཅང་ལས་དོན་སྐོར་གྱི་མཛུབ་སྟོན་གལ་ཆེན་གྱི་དགོངས་དོན་ལག་བསྟར་ཟབ་སྤེལ་བྱས་ཏེ། བབ་བརླིང་ངང་འབད་བརྩོན་དང་ཡུན་རིང་བྱས་རྗེས་བཞག་ནས། ལས་དོན་ཁག་སླར་ཡང་སྐས་རིམ་གསར་པ་ཞིག་ཏུ་སླེབས་པར་སྐུལ་འདེད་བཏང་སྟེ། རྒྱལ་ཡོངས་འཕེལ་རྒྱས་ཀྱི་ཁྱོན་ཡོངས་ལ་ལེགས་སྐྱེས་སྔར་ལས་ཆེན་པོ་འབུལ་རྒྱུའི་རེ་ལྟོས་ཆེ་ཞེས་གསུངས།
མཱ་ཞིན་རོས་དང་ཝུའུ་ཀྲིན་ལུང་རྟོག་ཞིབ་ཁྲོད་ཞུགས།
བན་དེ་སྐྱབས་ཀྱིས་བསྒྱུར།