ཟླ5པའི་ཚེས10ཉིན། མཚོ་བོད་ཚན་རིག་རྟོག་ཞིབ་ཐེངས་གཉིས་པའི་གྲུབ་འབྲས་ཀྱིས་མཚོ་སྔོན་གྱི་འགྲིམ་འགྲུལ་སྤུས་ཚད་མཐོན་པོས་འཕེལ་རྒྱས་སུ་འགྲོ་བར་སྐུལ་འདེད་གཏོང་བའི་སྦྲེལ་མཐུད་གྲོས་ཚོགས་ཟི་ལིང་དུ་བསྡུས། ཀྲུང་གོ་ཚན་རིག་གླིང་ནུབ་བྱང་སྐྱེ་ཁམས་ཁོར་ཡུག་ཐོན་ཁུངས་ཞིབ་འཇུག་གླིང་གིས་མཚོ་སྔོན་ཞིང་ཆེན་འགྲིམ་འགྲུལ་ཚོད་འཛིན་བཟོ་སྐྲུན་འཛུགས་སྐྲུན་སྡེ་ཚོགས་ཚད་ཡོད་ཀུང་སི་དང་མཚོ་སྔོན་འགྲིམ་འགྲུལ་ལས་རིགས་ལག་རྩལ་སློབ་གླིང་བར་དུ་མཉམ་ལས་གྲོས་མཐུན་བཞག
མཚོ་བོད་ཚན་རིག་རྟོག་ཞིབ་ཐེངས་གཉིས་པའི་གྲུབ་འབྲས་ཀྱིས་མཚོ་སྔོན་གྱི་སྤྱི་ཚོགས་དཔལ་འབྱོར་འཕེལ་རྒྱས་ལ་སྐུལ་འདེད་ཀྱི་ནུས་པ་གང་ལེགས་ཐོན་བཞིན་པ་དང་། ཞིང་ཆེན་ཕྱི་ནང་གི་ཚན་རིག་ཞིབ་འཇུག་གླིང་དང་མཐོ་རིམ་སློབ་གྲྭས་ཚན་རིག་ཞིབ་འཇུག་གི་སྟོབས་ཤུགས་དང་གསར་སྐྲུན་གྱི་ནུས་པ་ཆེན་པོར་བརྟེན་ནས། མཚོ་སྔོན་ཞིང་ཆེན་ལ་ཚན་རྩལ་གྱི་རྒྱབ་སྐྱོར་དང་རིག་སྟོབས་ཀྱི་ཐོན་ཁུངས་གལ་ཆེན་འདོན་སྤྲོད་བྱས་ཡོད། ཐེངས་འདིའི་སྦྲེལ་མཐུད་ཚོགས་འདུར་ཞུགས་པའི“འཁྱགས་སའི་འཁྱགས་ཞུའི་གནོད་འཚེ་དང་འཁྱགས་སའི་བཟོ་སྐྲུན་གལ་ཆེན་གྱི་གནོད་འཚེའི”ཆེད་དོན་ཚན་ཞིབ་ཚོགས་པས་མཚོ་བོད་གཞུང་ལམ་རྒྱུད་དུ་འཁྱགས་སའི་གནོད་འཚེའི་གནས་ཚུལ་ལ་བརྟག་དཔྱད་གཏིང་ཟབ་དང་ཞིབ་ཚགས་བྱས་ནས། ལོ་མང་པོའི་རིང་འཁྱགས་སའི་ཁུལ་གྱི་ལམ་ངོས་གནོད་འཚེའི་ཤུགས་རྐྱེན་དང་དེ་མིན་གྲུབ་རྐྱེན་གསལ་རྟོགས་བྱས་ཏེ། མཚོ་སྔོན་ཞིང་ཆེན་གྱི་བགྲོད་ལམ་འཛུགས་སྐྲུན་དང་། གནོད་འཚེ་འགོག་སེལ། སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ་སོགས་ཐད་དུ་ཐབས་ཇུས་ཀྱི་གཞི་འཛིན་ས་དང་ཚན་རྩལ་གྱི་འདེགས་སྐྱོར་གལ་ཆེན་འདོན་སྤྲོད་བྱས། ཐེངས་འདིའི་སྦྲེལ་མཐུད་ཚོགས་འདུས་མཚོ་སྔོན་ཞིང་ཆེན་གྱི་བགྲོད་ལམ་བཟོ་སྐྲུན་ལྗང་མདོག་འཛུགས་སྐྲུན་དང་ཚན་རིག་དང་མཐུན་པའི་བདག་སྐྱོང་ལ་དམིགས་ཡོད་ལ། སློབ་གླིང་དང་ས་ཁུལ་གྱི་མཉམ་ལས་སྔར་ལས་གཏིང་ཟབ་ཏུ་གཏོང་བ་དང་། ཚན་རིག་རྟོག་ཞིབ་གྲུབ་འབྲས་དང་འགྲིམ་འགྲུལ་འཛུགས་སྐྲུན་ཟུང་འབྲེལ་དམ་ཟབ་བྱ་རྒྱུར་སྐུལ་འདེད་གཏོང་བ། ཚན་རིག་རྟོག་ཞིབ་གྲུབ་འབྲས་ས་གནས་ནས་སྤོ་སྒྱུར་གཞན་སྒྱུར་བྱེད་པར་སྐུལ་འདེད་གཏོང་བ། མཚོ་སྔོན་གྲང་ཁུལ་གྱི་བགྲོད་ལམ་འཛུགས་སྐྲུན་བཟོ་སྐྲུན་ལ་སྐུལ་འདེད་གཏོང་བ་བཅས་བྱས་ནས། ཚན་རྩལ་གསར་སྐྲུན་གྱི་ནུས་པ་གསར་པ་སྤུས་ཚད་མཐོ་བའི་སྒོ་ནས་འཕེལ་རྒྱས་སུ་གཏོང་རྒྱུ་དམིགས་ཡུལ་དུ་བརྩིས་ཡོད།
མཚོ་སྔོན་ཞིང་ཆེན་ཚན་རྩལ་ཐིན་གྱི་འགན་འཁུར་པས་བསྟན་དོན། འབྲེལ་ཡོད་ལས་རིགས་སྡེ་ཁག་དང་ལག་གདང་སྦྲེལ་ནས། སྐྱེ་ཁམས་དཔལ་ཡོན་གྱི་མཐོ་ས་དང་ཐོན་ལས་ཀྱི་“གནས་བཞི”གནད་ལ་འཁེལ་བའི་སྒོ་ནས་བསྐྲུན་པར་དམིགས་ཏེ། མཚོ་བོད་ཚན་རིག་རྟོག་ཞིབ་ཐེངས་གཉིས་པར་བརྟེན་ནས་མཚོ་སྔོན་གྱི་ཐོན་ཁུངས་དང་། ནུས་ཁུངས། མཐོ་སྒང་བཅས་ཀྱི་ལེགས་ཆ་འདོན་སྤེལ་བྱས་ཏེ་ཞིང་ཆེན་ཕྱི་ནང་གི་ཚན་རིག་རྟོག་ཞིབ་ལས་ཁུངས་བར་གྱི་མཉམ་ལས་བརྗེ་རེས་ལ་ཤུགས་སྣོན་པ་དང་། ཚན་རིག་རྟོག་ཞིབ་ལས་གཞི་ལག་བསྟར་དང་ཚན་རིག་རྟོག་ཞིབ་གྲུབ་འབྲས་གཞན་སྒྱུར་བྱེད་པར་འགན་ལེན་ནུས་ལྡན་བྱས་ནས། ཚན་རིག་རྟོག་ཞིབ་ཚོགས་པ་དང་མཚོ་སྔོན་ཞིང་ཆེན་ནང་ཁུལ་གྱི་ལས་ཁུངས་བར་མཉམ་ལས་སྟེགས་བུ་བསྐྲུན་ཏེ། ཚན་རིག་རྟོག་ཞིབ་གྲུབ་འབྲས་དང་ཕུལ་བྱུང་ཤེས་ལྡན་མི་སྣའི་ཚོགས་པ་ནང་འདྲེན་བྱས་ནས་ཕུལ་བྱུང་ཚན་རིག་རྟོག་ཞིབ་གྲུབ་འབྲས་གཞན་སྒྱུར་བྱ་རྒྱུར་སྐུལ་འདེད་གཏོང་དགོས། ས་ཁོངས་བརྒལ་བའི་མཉམ་ལས་དང་ཐོན་ཁུངས་མཉམ་སྤྱོད་ལ་སྐུལ་འདེད་བཏང་ནས། མཚོ་སྔོན་ཞིང་ཆེན་གྱི་ཚན་རྩལ་གསར་སྐྲུན་དང་ཐོན་ལས་རིམ་སྤོར་ལ་སྒུལ་ཤུགས་ཆེན་པོ་སྣོན་དགོས།
སྦྲེལ་མཐུད་གྲོས་ཚོགས་སྟེང་ཀྲུང་གོ་ཚན་རིག་གླིང་ནུབ་བྱང་སྐྱེ་ཁམས་ཁོར་ཡུག་ཐོན་ཁུངས་ཞིབ་འཇུག་གླིང་གི་ཚན་ཞིབ་ཚོགས་པས“འཁྱགས་སའི་འཁྱགས་ཞུའི་གནོད་འཚེ་དང་འཁྱགས་སའི་བཟོ་སྐྲུན་གལ་ཆེན་གྱི་གནོད་འཚེའི”སྐོར་ནས་ཆེད་དོན་འཆད་ཁྲིད་བྱས།
ཐེངས་འདིའི་སྦྲེལ་མཐུད་གྲོས་ཚོགས་དེ་མཚོ་སྔོན་ཞིང་ཆེན་ཚན་རྩལ་ཐིན་དང་། ཞིང་ཆེན་འགྲིམ་འགྲུལ་སྐྱེལ་འདྲེན་ཐིན། ཞིང་ཆེན་ཚན་རྩལ་མཐུན་ཚོགས། ཞིང་ཆེན་འགྲིམ་འགྲུལ་མ་རྐང་ཚོད་འཛིན་སྡེ་ཚོགས་ཚད་ཡོད་ཀུང་སི་བཅས་ཀྱིས་མཉམ་དུ་གཙོ་སྒྲུབ་བྱས།
ཤ་བོ་རིན་མཚོས་བསྒྱུར།