ཞི་ཅིན་ཕིང་གིས་ཧང་ག་རིར་རྒྱལ་དོན་འཚམས་འདྲི་གནང་ཚར་ནས་པུའུ་ཏ་ཕེ་སི་དང་བྲལ།
2024.05.11 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 21

ས་དེའི་དུས་ཚོད་ཟླ5པའི་ཚེས10ཉིན་གྱི་དགོང་མོར། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཧང་ག་རིར་རྒྱལ་དོན་འཚམས་འདྲི་གནང་ཚར་རྗེས་ཆེད་བཏང་གནམ་གྲུར་བཞུགས་ཏེ་པུའུ་ཏ་ཕེ་སི་དང་བྲལ།

ཧང་ག་རིའི་ཙུང་ལི་ཨོ་ཨར་པན་དང་ལྕམ་མོ་གཉིས་ཀྱིས་གནམ་གྲུ་ཐང་དུ་སྐྱེལ་མ་ཞུས།

ཞི་ཅིན་ཕིང་བཞུགས་པའི་ཆེད་བཏང་གནམ་གྲུ་འཕུར་རྗེས། ཧང་ག་རིའི་མཁའ་དམག་གནམ་གྲུ་གཉིས་ཀྱིས་བར་སྣང་ནས་སྲུང་སྐྱེལ་བྱས།

གནམ་གྲུ་ཐང་དུ་འགྲོ་བའི་ལམ་བར་དུ། ཧང་ག་རིར་ཡུལ་སྐོར་བྱེད་པའི་ཀྲུང་གོ་པ་དང་ཀྲུང་གོའི་ཕྱིར་སྡོད་རང་མི། ཕྱི་འགྲིམས་སློབ་མ་སོགས་ལམ་གྱི་གཡས་གཡོན་དུ་མཉམ་དུ་འཛོམས་ནས། ཀྲུང་གོ་དང་ཧང་ག་རིའི་རྒྱལ་དར་བཟུང་ཞིང་། ཀྲུང་གོ་དང་ཧང་ག་རིའི་མཛའ་བརྩེ་ཁྲི་ལོར་ཤོག་ཅེས་བྲིས་ཡོད་པའི་འཕྲེད་བྱང་ཡར་བཀྱགས་ཏེ། སྤྲོ་སེམས་འཁོལ་བའི་ངང་ཀྲུའུ་ཞི་ཞི་ཅིན་ཕིང་ལ་སྐྱེལ་མ་བྱས་ཤིང་། འཚམས་འདྲི་ལེགས་འགྲུབ་བྱུང་བར་རྟེན་འབྲེལ་ཞུས།

ཀྲུའུ་ཞི་ཞི་ཅིན་ཕིང་གི་ལྕམ་མོ་ཕིན་ལིས་ཡོན་དང་། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་རྒྱུན་ལས་ཨུ་ཡོན། ཀྲུང་དབྱང་གཞུང་སྒྲུབ་ཐིན་གྱི་ཀྲུའུ་རིན་ཚའེ་ཆི། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་ཨུ་ཡོན། ཕྱི་འབྲེལ་པུའུ་ཡི་པུའུ་ཀྲང་ཝང་དབྱི་སོགས་མཉམ་དུ་གནམ་གྲུར་བསྡད་ནས་པུའུ་ཏ་ཕེ་སི་དང་བྲལ།

རིག་འཛིན་སྒྲོལ་མས་བསྒྱུར།