ས་དེའི་དུས་ཚོད་ཟླ5པའི་ཚེས10ཉིན་གྱི་ཉིན་གུང་། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་དང་ལྕམ་མོ་ཕིན་ལིས་ཡོན་གཉིས་པུའུ་ཏ་ཕེ་སི་རུ་གདན་ཞུས་ལྟར་ཧང་ག་རིའི་ཙུང་ལི་ཨོ་ཨར་པན་དང་ལྕམ་མོ་གཉིས་ཀྱིས་སྤེལ་བའི་སྐྱེལ་མ་ཞུ་བའི་བྱེད་སྒོར་ཞུགས།
ས་དེའི་དུས་ཚོད་ཟླ5པའི་ཚེས10ཉིན་གྱི་ཉིན་གུང་། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་དང་ལྕམ་མོ་ཕིན་ལིས་ཡོན་གཉིས་པུའུ་ཏ་ཕེ་སི་རུ་གདན་ཞུས་ལྟར་ཧང་ག་རིའི་ཙུང་ལི་ཨོ་ཨར་པན་དང་ལྕམ་མོ་གཉིས་ཀྱིས་སྤེལ་བའི་སྐྱེལ་མ་ཞུ་བའི་བྱེད་སྒོར་ཞུགས།
རྒྱལ་ཁབ་གཉིས་ཀྱི་འགོ་ཁྲིད་པས་ལྕམ་མོ་དང་ལྷན་དུ་པུའུ་ཏ་ཕེ་སི་གྲོང་ཁྱེར་གྱི་ཡུལ་ལྗོངས་ལ་རྒྱང་ལྟ་མཛད་པ་དང་། ཏའོ་ནའོ་གཙང་པོའི་ངོགས་གཉིས་ཀྱི་མཛེས་སྡུག་ལྡན་པའི་ཡུལ་ལྗོངས་མིག་མདུན་དུ་མངོན་ཡོད།
ཨོ་ཨར་པན་གྱིས་ཞི་ཅིན་ཕིང་ལ་པུའུ་ཏ་ཕེ་སི་གྲོང་ཁྱེར་གྱི་ལོ་རྒྱུས་དང་འཕེལ་རྒྱས་འགྱུར་ལྡོག འཆར་འགོད་མདུན་ལྗོངས་བཅས་ངོ་སྤྲོད་བྱས་པ་དང་། ཀྲུང་གོའི་ཁེ་ལས་ཀྱིས་ཧང་ག་རིའི་དཔལ་འབྱོར་འཕེལ་རྒྱས་དང་གྲོང་ཁྱེར་འཛུགས་སྐྲུན་ལ་བྱས་རྗེས་གལ་ཆེན་བཞག་ཡོད་པས། ཀྲུང་གོ་ཕྱོགས་ཀྱིས་འཛུགས་སྐྲུན་བྱས་པའི་ལས་གཞི་མང་པོ་ཞིག་རྒྱལ་ཁབ་གཉིས་ཀའི་མཉམ་ལས་ཀྱི་བཀོད་འདོམས་ལས་གཞི་དང་མཛའ་བརྩེའི་མཚོན་རྟགས་སུ་གྱུར་ཡོད། ཀྲུང་གོའི་ལག་རྩལ་གྱིས་ཕྱོགས་མང་པོའི་ཐད་འཛམ་གླིང་གི་སྔོན་ཐོན་གནས་བབ་ཟིན་ཡོད་པས། ཧང་ག་རི་ཕྱོགས་ཀྱིས་ཀྲུང་གོ་ཕྱོགས་དང་མཉམ་ལས་སྔར་ལས་མང་པོ་བྱས་ནས་ཀྲུང་གོའི་སྔོན་ཐོན་ལག་རྩལ་སྔར་ལས་མང་བོ་ནང་འདྲེན་བྱས་ཏེ། ཧང་ག་རིའི་རྒྱལ་ཁབ་འཕེལ་རྒྱས་དང་དམངས་ཚིས་ཇེ་ལེགས་སུ་གཏོང་རྒྱུར་རོགས་རམ་བྱ་རྒྱུའི་རེ་སྒུག་བྱེད་བཞིན་ཡོད་ཅེས་བཤད།
ཞི་ཅིན་ཕིང་གིས་ཨོ་ཨར་པན་གྱིས་སྤྲོ་སེམས་འཁོལ་བའི་གདན་ཞུ་དང་བཀོད་སྒྲིག་ཞིབ་ཚགས་གནང་བར་ཐུགས་རྗེ་ཆེ་ཞུས། ཞི་ཅིན་ཕིང་གིས་བསྟན་དོན། ངས་འདི་ནས་པུའུ་ཏ་ཕེ་སིའི་ལོ་རྒྱུས་སྲོལ་རྒྱུན་ཚོར་ཐུབ་པར་མ་ཟད་གསོན་ཤུགས་གསར་པ་ཡང་མཐོང་བྱུང་བས། ཧང་ག་རིར་ངོས་འཛིན་ཇེ་ཟབ་ཏུ་ཕྱིན་ནས་དྲན་ཤེས་རྩ་ཆེན་ཞིག་བཞག་ཡོད་པ་དང་། ལོ15འགོར་རྗེས་ཀྱི་ཧང་ག་རི་ལ་ཐོབ་པའི་འཕེལ་རྒྱས་གྲུབ་འབྲས་ཀྱིས་ང་ལ་བག་ཆགས་ཟབ་མོ་བཞག་སོང་། ཀྲུང་གོ་དང་ཧང་ག་རིའི་བརྗེ་རེས་མཉམ་ལས་ཀྱིས་ཀྲུང་གོའི་བཅོས་སྒྱུར་སྒོ་འབྱེད་ལ་ལེགས་སྐྱེས་ཕུལ་ཡོད་པ་དང་། མིག་སྔར་ཀྲུང་གོས་ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་ལ་བརྟེན་ནས་ཀྲུང་ཧྭ་མི་རིགས་ཀྱི་རླབས་ཆེན་བསྐྱར་དར་ལ་ཕྱོགས་ཡོངས་ནས་སྐུལ་འདེད་གཏོང་བཞིན་ཡོད་པས། ཀྲུང་གོའི་སྤུས་ཚད་མཐོ་བའི་འཕེལ་རྒྱས་དང་ཕྱི་ཕྱོགས་སྒོ་འབྱེད་ཀྱིས་ཧང་ག་རིར་གོ་སྐབས་སྔར་ལས་མང་བོ་འདོན་སྤྲོད་བྱེད་ཐུབ། ཀྲུང་གོ་ཕྱོགས་ཀྱིས་ཧང་ག་རིའི་བར་གྱི་དཔལ་འབྱོར་ལག་རྩལ་བརྗེ་རེས་མཉམ་ལས་ལ་ཤུགས་བསྣན་ནས། རྒྱལ་ཁབ་གཉིས་ཀར་འཕེལ་རྒྱས་ཀྱི་གྲུབ་འབྲས་སྔར་ལས་མང་པོ་ཐོབ་རྒྱུར་སྐུལ་འདེད་གཏོང་བ་དང་། རྒྱལ་ཁབ་གཉིས་ཀའི་མི་དམངས་ལ་སྔར་ལས་མཛེས་སྡུག་ལྡན་པའི་འཚོ་བ་བསྐྲུན་འདོད་ཡོད་ཅེས་གསུངས།
རྒྱལ་ཁབ་གཉིས་ཀྱི་འགོ་ཁྲིད་པ་སྒེའུ་ཁུང་གི་འགྲམ་དུ་བཞུགས་ཏེ་སྒེའུ་ཁུང་ཕྱི་རོལ་དུ་གཟིགས་ནས་རང་སོ་སོའི་ལོ་རྒྱུས་ཀྱི་བརྒྱུད་རིམ་དང་རྒྱལ་སྲིད་སྐྱོང་ལུགས་ཀྱི་མྱོང་ཚོར་གླེང་མོལ་མཛད་པ་དང་། ཐུན་མོང་གིས་དོ་ཁུར་བྱེད་པའི་གནད་དོན་གལ་ཆེན་ཐད་དགོངས་འཆར་བརྗེ་རེས་གནང་ནས་ཐུན་མོང་གི་ངོས་འཛིན་མང་པོ་བྱུང་།
ཞི་ཅིན་ཕིང་གིས་ཀྲུང་གོ་གུང་ཁྲན་ཏང་གི་ལོ་བརྒྱའི་ཏང་གི་ལོ་རྒྱུས་དང་ཏང་དོ་དམ་ལ་བརྟེན་ནས་རྒྱལ་ཁབ་སྐྱོང་བའི་འདུ་ཤེས་གལ་ཆེན་ངོ་སྤྲོད་གནང་བ་དང་། ཀྲུང་གོ་གུང་ཁྲན་ཏང་ནི་ཏང་ཡོན་བཅུ་ཕྲག་ཁ་ཤས་ལས་མེད་པའི་ཏང་ཆུང་བ་ཞིག་ནས་ཏང་ཡོན་བྱེ་བ་དགུ་དང་ས་ཡ་བརྒྱད་ལྷག་ཡོད་པའི་ཏང་ཆེན་པོ་ཞིག་ཏུ་འཚར་ལོངས་བྱུང་བ་དང་། ལོ་ངོ་མང་བོའི་རིང་ཉམས་སད་དྲག་པོ་ཐེག་ནས་ཀྲུང་གོར་འགོ་ཁྲིད་བྱས་ཏེ་ད་ལྟའི་གྲུབ་འབྲས་ཐོབ་ཡོད། མདུན་སྐྱོད་ཀྱི་ལམ་དུ་ཉེན་ཁ་དང་འགྲན་སློང་སྣ་ཚོགས་ལས་མུ་མཐུད་དུ་རྣམ་པར་རྒྱལ་ནས། ཀྲུང་གོའི་ཡུན་རིང་བརྟན་བརླིང་དང་འཕེལ་རྒྱས་རྒྱུན་འཁྱོངས་བྱས་ཏེ་ཀྲུང་གོ་མི་དམངས་ལ་འཚོ་བ་སྔར་ལས་ལེགས་པོ་རོལ་དུ་འཇུག་ཐུབ་པར་མ་ཟད། འཛམ་གླིང་ཞི་བདེ་དང་འཕེལ་རྒྱས་ལ་ལེགས་སྐྱེས་སྔར་ལས་ཆེན་པོ་འབུལ་ཐུབ་པར་ང་ཚོར་ཡིད་ཆེས་ཡོད་ཅེས་གསུངས།
ཞི་ཅིན་ཕིང་གིས་ཐེངས་འདིའི་འཚམས་འདྲིའི་དུས་ཡུན་མི་རིང་ཡང་ང་ཚོས་ཕན་ཚུན་ལ་རྒྱུས་ལོན་གང་ལེགས་བྱས་ནས་ཐུན་མོང་གི་ངོས་འཛིན་གལ་ཆེན་མང་པོ་བྱུང་ཡོད། ང་ཚོས་དུས་རབས་གསར་པའི་དུས་རྣམ་ཀུན་གྱི་ཕྱོགས་ཡོངས་ཀྱི་འཐབ་ཇུས་མཉམ་ལས་གྲོགས་པོའི་འབྲེལ་བ་བཙུགས་ནས། རྒྱལ་ཁབ་གཉིས་ཀྱི་འབྲེལ་བ་སྔར་བྱུང་མྱོང་མེད་པའི་མཐོ་ཚད་གསར་པར་སླེབས་པར་སྐུལ་འདེད་གཏོང་རྒྱུའི་ཐག་བཅད་པ་དང་། ཀྲུང་གོ་དང་ཧང་ག་རི་རྒྱལ་ཁབ་གཉིས་ཀྱི་འདུ་ཤེས་འདྲ་མཚུངས་ཡིན་པ་དང་ཚང་མས་རང་བཙན་རང་བདག་ལ་བརྩི་མཐོང་བྱེད་ཀྱིན་ཡོད་པས། ངས་ཙུང་ལི་ཨོ་ཨར་པན་དང་འབྲེལ་གཏུག་དམ་ཟབ་བྱས་ནས་རྒྱལ་ཁབ་གཉིས་ཀྱི་མཛའ་བརྩེ་རྒྱུན་འཛིན་བྱ་རྒྱུར་སྣེ་ཁྲིད་བྱས་ཏེ། ཐུན་མོང་གིས་འབད་བརྩོན་བྱས་ནས་ང་ཚོའི་བར་དུ་བྱུང་བའི་ཐུན་མོང་གི་ངོས་འཛིན་དེ་དོན་དངོས་ཀྱི་མཉམ་ལས་གྲུབ་འབྲས་སུ་བསྒྱུར་ཏེ་རྒྱལ་ཁབ་གཉིས་ཀྱི་མི་དམངས་ལ་བདེ་སྐྱིད་བསྐྲུན་རྒྱུར་རེ་སྒུག་བྱེད་ཀྱིན་ཡོད། ཀྲུང་གོ་དང་ཧང་ག་རིའི་འབྲེལ་བའི་མ་འོངས་པའི་འཕེལ་རྒྱས་ལ་ང་རང་ཡིད་ཆེས་ཆེན་པོས་ཁེངས་ཡོད་ཅེས་ནན་གྱིས་གསུངས།
ཤ་བོ་རིན་མཚོས་བསྒྱུར།